རི་བོ་ཆེའི་གདན་སའི་ཁྲི་རབས་བཅོ་བརྒྱད་ནས་ཉེར་གསུམ་བར།
རྗེ་དྲུང་འཇམ་དཔལ་ལུང་རྟོགས།
ཁྲི་རབས་བཅོ་བརྒྱད་པ་རྗེ་དྲུང་སྤྲུལ་སྐུ་དྲུག་པ་གྲགས་པ་རྒྱ་མཚོ་འམ་རིན་ཆེན་འོད་འབར་ནི། སྒོམ་སྡེའི་ནང་ཆེན་སྒར་དུ་ཡབ་ནང་ཆེན་རྒྱལ་རྒན་ཀུན་དགའ་དཔལ་ལྡན་དང་ཡུམ་རག་ཟླ་བཟའ་བདེ་ཆེན་དཔལ་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པ་ལྕགས་ཡོས་༡༨༣༡ལོར་འཁྲུངས་ཤིང་བོད་རྒྱ་ལྷན་རྒྱས་ནས་གསེར་བུམ་དཀྲུག་འདོན་བཞིན་གདན་སར་གདང་དྲངས།རབ་བསྙེན་བསྒྲུབ་ནས་ལྷ་སར་རྒྱ་བོད་ལྷན་རྒྱས་མཛད་བཅར་གྱིས་སྣེ་ལེན་གཟེངས་བསྟོད་གནང་བ་དང་ཧོ་ཐོག་ཐུའི་གོ་གནས་ཐོབ།མི་རིང་བར་གདན་སའི་ཁྲིར་འཁོད། སྟག་ལུང་བསྟན་པའི་ཉི་མ་ལས་རང་ལུགས་ཟབ་ཆོས་གསན། གཏེར་སྟོན་མཆོག་གྱུར་གླིང་པ་ལས་གཏེར་ཆོས་གསན་ཅིང་ཀརྨའི་གསང་སྔགས་ཕོ་བྲང་བཏབ་ནས་ཕུལ་བ་དང་།རྩེ་ཀེར་གཏེར་སྟོན་དགོན་དང་། ཤོག་ལྔར་གནས་བརྟན་དགོན་གཉིས་བཏབ་ཕྱིན་དགོན་པ་དེ་གཉིས་ཡང་བླ་ཉམས་པས་ཞབས་བླའི་ཁོངས་སུ་བསྡུས་ཏེ་མཆོག་གླིང་སྤྲུལ་སྐུ་གཉིས་ཀྱི་གདན་ས་བྱས།ཡབ་གཞིས་ནང་ཆེན་དང་ས་རིས་ཐད་ཁ་མཆུ་བྱུང་ཞིང་དམག་འཁྲུག་རྒྱབ་ཏེ་ཟློས་གཞི་ཞུ་གཏུགས་ལྷ་ས་རྒྱ་བོད་ལྷན་རྒྱས་སར་ཕེབས་པར་ལམ་བར་དུ་འབྲི་གུང་འཕོ་བ་རྫ་འགག་ཏུ་སྐུ་གཤེགས་སོ།། །། ཁྲི་རབས་བཅུ་དགུ་པ་འཕགས་མཆོག་སྐུ་ཕྲེང་བཞི་པ་རིན་ཆེན་ལྷུན་གྲུབ་བམ་གྲགས་པ་ཀུན་གསལ་ཡེ་ཤེས་ཆོས་ཀྱི་ཉི་མ་ནི། ཆབ་མདོའི་རོབ་ཀོ་ལོ་དགའ་འཛོམས་ཚང་དུ་རབ་བྱུང་བཅུ་བཞི་པ་ལྕགས་སྟག་༡༨༣༠ལོར་འཁྲུངས་ཤིང་རྒྱ་བོད་གསེར་བུམ་ལས་ཐོན་ནས་གདན་སར་གདན་དྲངས་ཏེ་སྟག་ལུང་དུ་ཕེབས།རྗེ་བསྟན་པའི་ཉི་མ་ལས་རབ་བསྙེན་བསྒྲུབ་སྔ་ཕྱིར་བཀའ་བརྒྱུད་ཀྱི་ཆོས་རྣམས་གསན། ལྷ་ས་རྒྱ་བོད་ལྷན་རྒྱས་སར་མཛད་བཅར་ཐོག་ནོ་མིན་ཧན་གྱི་ཆོ་ལོ་བསྩལ།རྗེ་དྲུང་གཤེགས་རྗེས་གདན་སའི་ཁྲིར་ཕེབས། སྒོམ་སྡེ་ནང་ཆེན་དང་རི་ཆེའི་བར་འདུམ་མཛད། བླ་བྲང་ཁག་གཉིས་བར་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་ཆེད་རྒྱ་བོད་ལྷན་རྒྱས་ལ་སྙན་སེང་གིས་ཆོག་མཆན་ཐོབ་པར་ལྟར་གདན་ས་པ་བསླབ་པ་རྒན་རིམ་གྱིས་རེས་མོས་བྱ་རྒྱུ་དང་སྲིད་དབང་བཟུང་མཁན་ཕན་ཚུན་གཉིས་ནས་འདེམས་ཏེ་སྤྱི་ཁྱབ་མཛད་པ་སེར་སྐྱ་རྒན་གཞོན་གཉིས་དང་།བླ་བྲང་གཉིས་ཀྱི་ཚབ་རྩེ་མགྲོན་སེར་མོ་བ་གཉིས། ཁྲིམས་སྲིད་དང་དཔལ་འབྱོར་འགན་འཁུར་བ་གཉེར་ཆེན་སེར་མོ་བ་གཉིས་དང་། སྐྱ་བོ་གཅིག མགྲོན་གཉེར་དང་། དྲུང་ཡིག་གཉེར་ཆུང་སོགས་ལས་ཚན་བཅུ་སྐོར་ཡོད་པའི་སྒྲིག་གཞི་བཟོས་ནས་ཕྱོགས་འཐེན་མེད་པའི་སྤྱི་ཁྱབ་ཁང་ཞེས་བླ་བྲང་གཉིས་ཀྱི་བར་དུ་བཀྲ་ཤིས་ཁང་གསར་ཞེས་པའི་ཁང་པ་གསར་པ་རྒྱབ་ཀྱང་ལོ་དྲུག་ལས་མ་འགོར་རང་ཞིག་གྱུར།རབ་བྱུང་བཅོ་ལྔ་ཤིང་ཕག་༡༨༧༥ལོར་གཤེགས།། །། ཁྲི་རབས་ཉི་ཤུ་པ་རྗེ་དྲུང་སྤྲུལ་སྐུ་བདུན་པ་ངག་དབང་གྲགས་པ་ཕྲིན་ལས་བྱམས་པའི་འབྱུང་གནས་ནི། མེ་སྟག་༡༨༦༦ལོར་རི་ཆེ་ལྕགས་རིའི་ལྟག་སྒོའི་ཟླ་ནང་དཔོན་ཚང་དུ་ཨ་ལྕགས་འབྲུ་ཡི་རིགས་ཡབ་ཚེ་རིང་རྣམ་རྒྱལ་དང་ཡུམ་གྱོ་མདའ་བཟའ་བཀྲ་ཤིས་སྒྲོལ་དཀར་གཉིས་ཀྱི་སྲས་སུ་འཁྲུངས།རྒྱ་བོད་ལྷན་རྒྱས་ནས་གསེར་བུམ་དཀྲུག་ཐོན་གྱི་གདན་སར་གདན་དྲངས། ལྷ་སར་མཛད་བཅར་གྱི་གཞུང་རྩེ་ཤོད་ནས་སྔ་ལམ་སྣེ་ལེན་དང་ཐབ་བསུ་སྣེ་ཤན་དང་བཅས་རྒྱ་བོད་ལྷན་རྒྱས་ནས་ཧོ་ཐོག་ཐུའི་གོ་གནས་གནང་།ཏཱ་ལ་བཅུ་གསུམ་པ་སྐུ་ན་ཕྲ་བས་ཡོངས་འཛིན་ཕུར་ལྕོག་རིན་པོ་ཆེ་ལས་རབ་ཏུ་བྱུང་། སྟག་ལུང་དུ་ཕེབས་ཏེ་མ་རིན་པོ་ཆེ་ཐེག་མཆོག་འཇིགས་མེད་དཔའ་བོ་ལས་རང་ལུགས་ཀྱི་ཆོས་རྣམས་གསན།རི་བོ་ཆེའི་གདན་སའི་ཁྲིར་ཕེབས། དེ་ནས་སྡེ་དགེར་ཕེབས་ཏེ་འཇམ་དབྱངས་མཁྱེན་རྩེའི་དབང་པོ་དང་།ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་ལས་གྲུབ་མཐའ་རིས་མེད་ཀྱི་ཆོས་གསན་ཅིང་བཤད་སྒྲུབ་ལས་གསུམ་འཆད་རྩོད་རྩོམ་གསུམ་གྱི་བསྟན་པ་སྤེལ།བྷྱོ་རིག་འཛིན་ལས་ཆོས་མང་གསན། ཡང་རིའི་གཡའ་ཁང་དུ་ཡང་དབེན་གསར་རྒྱག་གིས་བཅད་རྒྱར་ལོ་གསུམ་བཞུགས།སློབ་དཔོན་པདྨས་ལུང་བསྟན་པ་ལྟར་རིག་མ་གཉིས་བརྟེན་པ་དང་གཏེར་ཆོས་ཀྱང་ཕབས་ཏེ་ཏཱ་ལའི་བླ་མ་བཅུ་གསུམ་པའི་ཆོག་མཆན་ལྟར་སྦས་གནས་པདྨ་བཀོད་དུ་ཡང་གསང་གི་གནས་སྒོ་འབྱེད་པར་རབ་བྱུང་བཅོ་ལྔ་ས་ཕག་༡༨༩༩ལོར་ཕེབས་པར་སྤོ་བོ་ཀཿགནམ་སྡེ་པས་སྣེ་ལེན་དང་སྦྱིན་བདག་ཞུས་ཤིང་སྣེ་ཤན་སྐུ་སྲུང་དུ་ཀཿགནམ་གཉེར་པ་རྣམ་རྒྱལ་མགོན་དང་བཅས་པ་མངགས།སྤྱན་འབྲུག་དགུ་ཐང་སྡེ་དགོན་གཞིས་བཅས་ཕུལ། ཀཿགནམ་སྲས་མོ་ཨ་ནུ་སྣང་གསལ་ཆོས་སྒོར་བཅུགས་ཤིང་གསང་ཡུམ་དུ་བརྟེན།ཡང་གསང་དུ་ཕེབས། ཨ་པོ་གླིང་དང་། ཨ་འདྲ་ཐང་དུ་བཞུགས་ཏེ་ཨ་འདྲ་ཐང་དུ་འདུལ་བ་གྲྭ་ཚང་དང་སྔགས་པ་གྲྭ་ཚང་གཉིས་བཏབ་ཅིང་།འདུལ་བ་གྲྭ་ཚང་དུ་གཞི་གསུམ་གྱི་ཕྱག་ལེན་བཙུགས་པ་དང་། སྔགས་པ་གྲྭ་ཚང་དུ་རཏ་གླིང་ཐུགས་སྒྲུབ་དང་ཕུར་པའི་སྒྲུབ་ཆེན།བདེ་མཆོག་དང་ཕག་མོ་སྒྲུབ་མཆོད། ཡར་མར་ཚེས་བཅུ་དང་། འབྲུག་པའི་སྡེ་སྲིད་ཨོ་རྒྱན་དབང་ཕྱུག་གི་སྦྱིན་བདག་ཞུས་ནས་སྤྲེལ་ཟླའི་ཚེས་བཅུར་ཆོས་དབང་བླ་མ་གསང་འདུས་ཀྱི་སྒྲུབ་མཆོད་གར་འཆམས་དང་བཅས་པ་བཙུགས།དྲ་མི་རིགས་ཀྱི་རུས་ཚོའི་དཔོན་ལ་སྤོ་རྒྱས་ཞེས་པ་ཟེར་སྲོལ་ལ་ལོ་ཉིས་བརྒྱ་ལྷག་ཟིན་པ་དེ་སྦྱིན་བདག་ཏུ་གྱུར།དྲ་མི་རིགས་ཀྱི་མང་ཚོགས་ལ་ཆོས་བཤད་པས་ཆོས་ལུགས་ཀྱི་ཁ་འདོན་ཕྲན་བུ་བྱེད་ཤེས་པ་བྱུང།རི་བོ་ཆེ་དགོན་སྡེས་གདན་ཞུས་བྱས་པ་དང་། ཞབས་དྲུང་བླ་བྲང་གིས་གཞུང་སར་ལྐོག་ཞུས་དབྱེན་སྦྱོར་བྱས་པས་གཞུང་ས་ནས་ལྷོ་རྫོང་སྡེ་པ་བརྒྱུད་རྗེ་དྲུང་རིན་པོ་ཆེ་ཕྱིར་ལོག དགོན་པའི་བཀའ་ཚ་ནན་ཕེབས་པར་བརྟེན་སླར་ཡང་རབ་བྱུང་བཅོ་ལྔ་མེ་ལུག་༡༩༠༧ལོར་རི་བོ་ཆེར་ཕེབས་ཡང་གསང་དུ་བླ་ཚབ་ཟླ་ཚེ་དགེ་སློང་རྒྱ་མཚོ་དང་།རྫ་ཕུད་ཀོང་སྤྲུལ་སྐུ་བཞག་ཀྱང་ལྕགས་ཁྱི་༡༩༡༠ལོར་བོད་རིགས་རྔོན་པ་ཞིག་དང་དྲ་མི་རིགས་ཤིག་དམར་ཀོ་རི་མགོར་རྩོད་པ་ཤོར་བའི་རྐྱེན་བྱས་དེའི་དགོང་མོར་དྲ་མི་རིགས་ཀྱི་དམག་ཡོངས་ནས་རྫ་ཕུད་ཀོང་སྤྲུལ་སྐུ་དང་མགོན་བླ་རིན་ཆེན་ལྷ་རྒྱལ་གཉིས་བྲོས་ཐར་བྱུང་བ་ལས་གཞན་གྲྭ་པ་བཞི་བཅུ་སྐོར།དགོན་སྡེ་དང་། མི་ཁྱིམ་ལྔ་བཅུ་སྐོར་ཚང་མ་མེར་བསྲེགས་རྩ་མེད་དུ་གྱུར། དེ་ནས་རབ་བྱུང་བཅོ་ལྔ་པ་ས་སྤྲེལ་༡༩༠༨ལོར་འབའ་ཐང་བརྒྱུད་ཆབ་མདོར་ཀྲོ་ཨེར་ཧྥུང་སླེབས་ནས་ཆབ་མདོ་དང་།བྲག་གཡབ། དཔའ་ཤོད་བཅས་ཀྱི་དགོན་པར་མེར་བསྲེགས་བཏང་བའི་སྐབས་སུ་ཆབ་མདོར་མེ་བསྲེགས་བཏང་ཞིང་ཀྲོ་ཨེར་ཧྥུང་སར་མཐུས་ཚབ་བཏང་སྟེ་ཐབས་མཁས་ཀྱིས་ཞུ་ཤེས་བྱས་པ་དང་དམག་དཔུང་དཔའ་ཤོད་དུ་འབྱོར་བར་དངུལ་དཀར་སྲང་སུམ་བརྒྱ་དང་།འབྲི་གཡག་ཆིག་སྟོང་། ར་ལུག་ཆིག་སྟོང་བཅས་དམག་རྒྱག་ཞལ་འདེབས་སུ་ཕུལ་བས་རི་བོ་ཆེའི་དགོན་པར་ཉེས་སྐྱོན་སྤུ་ཙམ་ཡང་མ་བྱུང་།དེ་རྗེས་ཕིང་དཱ་རིན་དཔུང་དམག་རི་བོ་ཆེར་འབྱོར་ནས་ལོ་བདུན་རིང་སྣེ་ལེན་གྲ་སྒྲིག་གང་འོས་འཐུས་ཤོར་མེད་པ་བྱས་པས་དགོན་པར་གནོད་སྐྱོན་ཆེར་མ་བྱུང་།ས་རྟ་༡༩༡༨ལོར་མདོ་སྨད་སྤྱི་ཁྱབ་དང་པོ་བཀའ་བློན་བླ་མ་བྱམས་པ་བསྟན་དར་ཆབ་མདོར་འབྱོར་ནས་ཕིང་དཱ་རིན་དང་མགར་ར་བླ་མ་བསོད་ནམས་རབ་བརྟན་གཉིས་འཛིན་བཟུང་གིས་ལྷ་སར་བཙོན་འཇུག་རྒྱང་འབུད་བཏང་བ་དང་།ཡང་མགར་ཕྱོགས་གཏོགས་མི་ཉི་ཤུ་རྩ་བརྒྱད་སྐོར་ཉིན་གཅིག་ལ་ཁ་སྣ་བྲེགས་པ་དང་རྗེ་དྲུང་ལྷོ་རྫོང་སྡེ་པར་རྩིས་སྤྲོད་ཀྱིས་ཆབ་སྲིད་ཀྱི་རང་དབང་འཕྲོག་སྟེ།དཔལ་འབྱོར་ཐོག་ཡང་དགོན་བླ་བྲང་གི་ཁ་དབང་གཞུང་བཞེས་ཀྱིས་ས་རྟ་༡༩༡༨ལོ་གཞུང་ས་ནས་གཏན་དེབ་བཟོས་ནས་རི་ཆེ་བླ་གཉེར་ཞེས་པའི་ལས་ཚན་བསྐོ་བཞག་བྱས།རྗེ་དྲུང་ལྷོ་རྫོང་སེང་ཕུ་དགོན་དུ་ལོ་གཅིག་ཙམ་བཞུགས་མཐར་སྟག་ལུང་རྩེ་སྤྲུལ་ངག་དབང་དཔལ་ལྡན་གྱིས་གཞུང་སར་སྟག་ལུང་དུ་ཕེབས་བཞུགས་ཆོག་པའི་སྙན་སེང་ཕུལ་ཀྱང་དོན་སྨིན་མ་སོན་པར་ནག་ཆུ་མཁན་ནང་གཉིས་ལ་རྩིས་སྤྲོད་ཀྱི་བྱང་སྟག་རིང་དགོན་དུ་ལོ་གཉིས་ཙམ་བཞུགས།སླར་ཡང་སྟག་ལུང་རྩེ་སྤྲུལ་གྱིས་གཞུང་སར་ཞུས་པས་སྟག་ལུང་ཕྱག་མཛོད་དང་། ཕོད་མདོ་སྡེ་པར་རྩིས་སྤྲོད་ཀྱིས་སྟག་ལུང་དུ་བཞུགས་ཆོག་པ་བྱུང་ནས་རང་ལུགས་ཀྱི་ཟབ་ཆོས་རྣམས་རྩེ་སྤྲུལ་ངག་དབང་དཔལ་ལྡན་ལ་གནང་།གསུང་རྩོམ་པོད་དྲུག་ཡོད། སློབ་མའི་གཙོ་བོ་ཡང་མགར་ར་བླ་མ་བསོད་ནམས་རབ་བརྟན། རྩེ་སྤྲུལ་ངག་དབང་དཔལ་ལྡན།ཉག་བླ་བདེ་བའི་ཉི་མ། གནམ་ལྕགས་སྤྲུལ་སྐུ་བཟོད་པ་རབ་བརྟན། སང་སང་སྤྲུལ་སྐུ་ངེས་དོན་རྒྱ་མཚོ།ཞབས་དྲུང་བྱང་ཆུབ་ཆོས་ཀྱི་ཉི་མ། འཕགས་མཆོག་ཀུན་དགའ་རྣམ་རྒྱལ། རི་ཆེའི་མཁན་པོ་ངག་དབང་ལེགས་གྲུབ།བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། བཀའ་འགྱུར་པ་གྲགས་པ་བསྟན་འཛིན། སྨན་རྩིས་པ་མཁྱེན་རབ་ནོར་བུ།ཡོངས་འཛིན་གྲགས་པ་ཕུན་ཚོགས། དཔའ་བོ་བླ་མ་ཨ་བསྟན་རྒྱ་མཚོ། གྲུབ་དབང་ཚེ་འཕེལ་དང་ཚེ་ལྷུན། ཐོན་མོ་ཚེ་དབང་། བླ་མ་ཚེ་བསམ། གྲུབ་དབང་ཀརྨ་བརྩོན་འགྲུས།ཟུར་མང་དྲུང་པ་སོགས་མང་ངོ་། མཐར་ཆུ་ཕག་དགུང་གྲངས་༥༨པར་༡༩༢༣ལོར་སྐུ་གཤེགས་སོ།། །། ཁྲི་རབས་ཉེར་གཅིག་པ་འཕགས་མཆོག་སྐུ་ཕྲེང་ལྔ་པ་ངག་དབང་ཀུན་དགའ་རྣམ་རྒྱལ་ནི། རི་བོ་ཆེའི་སེ་རྡོར་བོན་དཀར་ཚང་དུ་ཁྱུང་པོ་རིགས་རྒྱུད་ཡབ་སྔགས་འཆང་ལྷ་རྒྱལ་དང་ཡུམ་ཅང་བཟའ་བོ་རྡིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པ་མེ་བྱི་༡༨༧༦ལོར་འཁྲུངས།རྒྱ་བོད་ལྷན་རྒྱས་གསེར་བུམ་དཀྲུག་འདོན་གྱིས་གདན་སར་གདན་དྲངས། ལྷ་སར་མཛད་བཅར་ཕེབས་རྒྱ་བོད་ལྷན་རྒྱས་ནས་ནོ་མིན་ཧན་གྱི་གོ་གནས་གནང་།རབ་བསྙེན་སྒྲུབ། རྗེ་དྲུང་པདྨ་བཀོད་དུ་ཕེབས་རིང་གདན་སའི་ཁྲི་འཛིན་གནང་བར་བླ་བྲང་གཉིས་ནང་རྩོད་ཀྱིས་ཤོ་མདོར་ཕེབས་པར་ཤོ་པ་མདོའི་ཕོག་དཔོན་དང་རྒྱ་བོད་ལྷན་རྒྱས་ནས་གྱོད་ཞིབ་གནང་ཡང་།ཕན་ཚུན་དཀའ་ངལ་ཆེ་བ་ལས་དོན་འབྲས་ཆེར་མ་བྱུང་། རིན་མིན་རི་བོ་ཆེར་སྐུ་གཤེགས། རྗེ་དྲུང་ནས་གཙུགས་ལག་ཁང་དུ་དངུལ་གྱི་གདུང་རྟེན་དང་འདྲ་སྐུ་བཞེངས།། །།
ཁྲི་རབས་ཉེར་གཉིས་པ་འཕགས་མཆོག་ཡང་སྲིད་དྲུག་པ་ངག་དབང་འཇིགས་མེད་གྲགས་པའམ་ཐུབ་བསྟན་རྣམ་རྒྱལ་ནི། རི་བོ་ཆེའི་སེ་རྡོར་བོན་དཀར་ཚང་དུ་ཁྱུང་པོ་རིགས་ཡབ་འཕགས་མཆོག་གོང་མའི་གཅུང་པོ་བླ་མ་རིག་འཛིན་དང་། ཡུམ་སྐྱ་སུ་བཟའ་དགའ་འབལ་གྱི་སྲས་སུ་ཆུ་གླང་༡༩༡༣ལོར་འཁྲུངས་ཏཱ་ལའི་བླ་མ་བཅུ་གསུམ་པར་སྤྲུལ་སྐུ་ངོས་འཛིན་ཆོག་པའི་སྙན་ཞུ་ཕུལ་བའི་ཆོག་མཆན་ལྟར་གསར་མ་གྲྭ་ཚང་དུ་གདན་དྲངས།ལྷ་སར་ཕེབས་ནས་རྩེ་ཤོད་ལ་མཇལ་བཅར་ཞུས་པས་སྔར་སྲོལ་གྱི་གོ་གནས་གནང་བ་དང་། ལོ་རེ་བཞིན་རི་བོ་ཆེའི་བླ་གཉེར་ནས་ཕོག་ཐོབ་མར་འདེགས་ཁལ་དྲུག་ཅུ་ཐམ་པ་དང་།འབྲུ་རུ་ཁལ་ཉིས་བརྒྱ། ཡང་མགོན་ཤར་བརྒྱུད་ནས་ཁང་མིག་བདུན་དང་། མེ་ཤིང་སྐྱེལ་མི་མི་སེར་ཐེམ་དུད་བཞི།ཆར་སློང་སེར་བཀག་བྱེད་པར་ཆར་མར་སེར་འབྲུ་སློང་ཆོག་པ་བཅས་གནང་། ཡང་མགོན་དུ་ཚེ་ལྷ་རྣམ་གསུམ་གྱི་གསེར་ཟངས་སྐུ་དང་བཀའ་འགྱུར་སོགས་བཞེངས།བཅིང་བཀྲོལ་ཐོབ་རྗེས་མདོ་སྨད་མངའ་ཁུལ་རོག་རམ་རྒྱབ་སྐྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གནང་ནས་བོད་བསྐྱོད་མི་དམངས་བཅིངས་བཀྲོལ་དམག་དཔུང་ལ་སྐྱེལ་འདྲེན་དང་བཞུགས་སྒྲིག་སོགས་གཟེངས་སུ་ཐོན་པ་གནང་།རབ་བྱུང་བཅུ་དྲུག་མེ་བྱ་༡༩༥༧ལོར་ཀཿཐོག་ནས་མཁན་པོ་བསྟན་འཛིན་གྲགས་པའམ་པདྨ་རང་གྲོལ་གདན་དྲངས་ནས་རི་བོ་ཆེའི་ལྷ་ལུང་འབྲུག་པ་ཁར་མཚན་ཉིད་གྲྭ་༤༢ཡོད་པ་གསར་འཛུགས་གནང་།ཆུ་འབྲུག་༡༩༥༢ལོར་རི་བོ་ཆེ་རྫོང་མི་དམངས་བཅིངས་བཀྲོལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གྱི་འགན་བཞེས།མེ་སྤྲེལ་༡༩༥༦ལོར་བོད་རང་སྐྱོངས་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ས་ཕག་༡༩༥༩ལོར་བོད་ལྗོངས་ཆབ་གྲོས་ཀྱི་ཨུ་ཡོན།ཤིང་འབྲུག་༡༩༦༤ལོར་ཆབ་མདོ་ཆབ་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་བཅས་ཀྱི་འགན་བཞེས། ས་ལུག་༡༩༧༩ལོར་ཆབ་མདོར་སྐུ་གཤེགས་སོ།། །།
ཁྲི་རབས་ཉེར་གཉིས་པ་འཕགས་མཆོག་ཡང་སྲིད་དྲུག་པ་ངག་དབང་འཇིགས་མེད་གྲགས་པའམ་ཐུབ་བསྟན་རྣམ་རྒྱལ་ནི། རི་བོ་ཆེའི་སེ་རྡོར་བོན་དཀར་ཚང་དུ་ཁྱུང་པོ་རིགས་ཡབ་འཕགས་མཆོག་གོང་མའི་གཅུང་པོ་བླ་མ་རིག་འཛིན་དང་། ཡུམ་སྐྱ་སུ་བཟའ་དགའ་འབལ་གྱི་སྲས་སུ་ཆུ་གླང་༡༩༡༣ལོར་འཁྲུངས་ཏཱ་ལའི་བླ་མ་བཅུ་གསུམ་པར་སྤྲུལ་སྐུ་ངོས་འཛིན་ཆོག་པའི་སྙན་ཞུ་ཕུལ་བའི་ཆོག་མཆན་ལྟར་གསར་མ་གྲྭ་ཚང་དུ་གདན་དྲངས།ལྷ་སར་ཕེབས་ནས་རྩེ་ཤོད་ལ་མཇལ་བཅར་ཞུས་པས་སྔར་སྲོལ་གྱི་གོ་གནས་གནང་བ་དང་། ལོ་རེ་བཞིན་རི་བོ་ཆེའི་བླ་གཉེར་ནས་ཕོག་ཐོབ་མར་འདེགས་ཁལ་དྲུག་ཅུ་ཐམ་པ་དང་།འབྲུ་རུ་ཁལ་ཉིས་བརྒྱ། ཡང་མགོན་ཤར་བརྒྱུད་ནས་ཁང་མིག་བདུན་དང་། མེ་ཤིང་སྐྱེལ་མི་མི་སེར་ཐེམ་དུད་བཞི།ཆར་སློང་སེར་བཀག་བྱེད་པར་ཆར་མར་སེར་འབྲུ་སློང་ཆོག་པ་བཅས་གནང་། ཡང་མགོན་དུ་ཚེ་ལྷ་རྣམ་གསུམ་གྱི་གསེར་ཟངས་སྐུ་དང་བཀའ་འགྱུར་སོགས་བཞེངས།བཅིང་བཀྲོལ་ཐོབ་རྗེས་མདོ་སྨད་མངའ་ཁུལ་རོག་རམ་རྒྱབ་སྐྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གནང་ནས་བོད་བསྐྱོད་མི་དམངས་བཅིངས་བཀྲོལ་དམག་དཔུང་ལ་སྐྱེལ་འདྲེན་དང་བཞུགས་སྒྲིག་སོགས་གཟེངས་སུ་ཐོན་པ་གནང་།རབ་བྱུང་བཅུ་དྲུག་མེ་བྱ་༡༩༥༧ལོར་ཀཿཐོག་ནས་མཁན་པོ་བསྟན་འཛིན་གྲགས་པའམ་པདྨ་རང་གྲོལ་གདན་དྲངས་ནས་རི་བོ་ཆེའི་ལྷ་ལུང་འབྲུག་པ་ཁར་མཚན་ཉིད་གྲྭ་༤༢ཡོད་པ་གསར་འཛུགས་གནང་།ཆུ་འབྲུག་༡༩༥༢ལོར་རི་བོ་ཆེ་རྫོང་མི་དམངས་བཅིངས་བཀྲོལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གྱི་འགན་བཞེས།མེ་སྤྲེལ་༡༩༥༦ལོར་བོད་རང་སྐྱོངས་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ས་ཕག་༡༩༥༩ལོར་བོད་ལྗོངས་ཆབ་གྲོས་ཀྱི་ཨུ་ཡོན།ཤིང་འབྲུག་༡༩༦༤ལོར་ཆབ་མདོ་ཆབ་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་བཅས་ཀྱི་འགན་བཞེས། ས་ལུག་༡༩༧༩ལོར་ཆབ་མདོར་སྐུ་གཤེགས་སོ།། །།
ཁྲི་རབས་ཉེར་གསུམ་པ་རྗེ་དྲུང་སྤྲུལ་སྐུ་བརྒྱད་པར་བགྲང་བ་གྲགས་པ་འོད་ཟེར་དཔལ་བཟང་པོའམ་འཇམ་དཔལ་ལུང་རྟོགས་ཆོས་ཀྱི་རྒྱལ་མཚན་བདག་རྨ་རི་བཅུ་ཤོད་དུ་རླངས་གཡུ་པ་ཚང་ཕ་དགེ་ལེགས་དཔལ་བཟང་དང་། མ་དཀོན་མཆོག་དཔལ་སྒྲོན་ལ་རབ་བྱུང་བཅོ་ལྔ་པ་ཤིང་གླང་༡༩༢༥ལོར་སྐྱེས་ཤིང་། སྟག་ལུང་རྩེ་སྤྲུལ་ངག་དབང་དཔལ་ལྡན། རྨ་ཨ་དོན། དཔལ་སྤུངས་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་སོགས་ཀྱིས་རྗེ་དྲུང་ཡང་སྲིད་ཡིན་ཅེས་ངོས་འཛིན་བྱས་བ་ལྟར་ཏཱ་ལའི་བླ་མ་ཐུབ་བསྟན་རྒྱ་མཚོར་སྤྲུལ་སྐུ་དགོན་པར་བཞག་ཆོག་པའི་སྙན་ཕུལ་དོན་སྨིན་གྱི་རབ་བྱུང་བཅུ་དྲུག་པ་ས་སྦྲུལ་༡༩༢༩ལོར་ཡང་དགོན་དུ་ཕྱིན་ནས་བསྡད། རི་ཆེ་བླ་གཉེར་ནས་ལོ་རེའི་ཕོག་མར་འདེགས་ཁལ་ལྔ་བཅུ་ཐམ་པ་དང་།འབྲུ་རུ་ཁལ་བརྒྱ་དང་ལྔ་བཅུ། ཆར་མར་སེར་ནས་སློང་བསྡུས་བཅས་སྤྲད་བྱུང་བར་འཕགས་མཆོག་དང་ངོས་གཉིས་ཐུན་མོང་ཐོག་གྲྭ་པའི་ཁོང་ནས་གཉེར་པ་གཅིག་དང་།མ་བྱན་གཅིག་བསྐོས་ཏེ་གཡོག་རེ་གཉིས་བཅས་ཐུན་མོང་དུ་འཚོ་བ་བསྐྱལ། ཆོས་ལུགས་དང་རིག་གནས་ལ་སློབ་སྦྱོང་ཕྲན་བུ་བྱས།མེ་བྱི་༡༩༣༦ལོར་སྟག་ལུང་དུ་ཕྱིན་ནས་རྩེ་སྤྲུལ་ངག་དབང་དཔལ་ལྡན་ལས་སྤྱི་དང་ཁྱད་པར་སྟག་ལུང་བཀའ་བརྒྱུད་ཀྱི་ཆོས་སྐོར་ལོ་གཉིས་ལྷག་ཙམ་རིང་ཞུས།བར་དེར་མེ་གླང་༡༩༣༧ལོར་ལྷ་སར་ཡོང་ནས་ཇོ་ཤཱཀ་རྣམ་གསུམ་མཇལ་བ་དང་། མཆོད་འབུལ་རྒྱ་མི་ཆུང་བ་ཙམ་ཕུལ།སྲིད་སྐྱོང་རྭ་སྒྲེང་རིན་པོ་ཆེ་འཇམ་དཔལ་ཡེ་ཤེས་ལས་རབ་ཏུ་བྱུང་། སྔར་ལམ་ལྟར་རྩེ་ཤོད་དུ་མཛད་བཅར་ཞུས་ཏེ་སྔར་སྲོལ་གོ་གནས་བསྩལ།སླར་ཡང་རི་བོ་ཆེར་ལོག་ནས་སློབ་སྦྱོང་ལ་འབད། ལྕགས་སྟག་རབ་བྱུང་བཅུ་དྲུག་༡༩༥༠ལོར་ཆབ་མདོ་མི་དམངས་བཅིངས་བཀྲོལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བསྐོ་བཞག་གནང་བྱུང་བ་རང་ནུས་གང་ཡོད་ཀྱི་བོད་བསྐྱོད་མི་དམངས་བཅིངས་བཀྲོལ་དམག་ལ་རྒྱབ་རོགས་ཧུར་ཐག་ཞུས།གསེར་ཟངས་ཀྱི་རྗེ་སངས་རྒྱས་དབོན་དང་། མཁར་དྲུང་བསོད་ནམས་བཀྲ་ཤིས། མགོན་པོ་མི་འཁྲུགས་པ།སྤྱན་རས་གཟིགས་དཔལ་མོ་ལུགས། དུས་གསུམ་སངས་རྒྱས་སོགས་དང་། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་དང་།རྒྱན་དྲུག་མཆོག་གཉིས། དགུ་ཐང་ཚར་གཉིས། རྗེ་ཐང་པ་རིན་པོ་ཆེའི་གསུང་འབུམ་ཤིང་པར་གསར་བརྐོ་དང་།རྗེ་ངག་དབང་རྣམ་རྒྱལ་དང་། བཀྲ་ཤིས་དཔལ་གྲུབ། ཆོས་དབྱིངས་ལྷུན་གྲུབ། རིན་ཆེན་ལེགས་གྲུབ།བྱམས་པའི་འབྱུང་གནས་བཅས་ཀྱི་གསུང་འབུམ་བྲིས་མ་པོད་བཞི་བཅུ་ཞེ་བཞི་སྐོར་དང་། ས་སྐྱའི་གོང་མ་རྣམ་ལྔ།རྗེ་ཡབ་སྲས་གསུམ། སི་ཏུ་ཆོས་ཀྱི་འབྱུང་གནས་བཅས་ཀྱི་བཀའ་འབུམ་སྡེ་པར་སོགས་བཞེངས། སྔ་ཕྱིར་གཞན་དོན་ཟེར་བ་འབུལ་སྡུད་ཁ་ཤས་ཕྱིན།སྟེང་ཆེན་དང་ལྷོ་རྫོང་དུ་ཟིང་འཁྲུགས་ལང་སྐབས་ས་ཁྱི་༡༩༥༨ལོར་ཆབ་མདོར་ཕྱིན། ལྕགས་གླང་༡༩༦༡ལོར་ཆབ་མདོ་སྲིད་འཛིན་ཀུང་ཧྲུའི་ཀྲོན་ཡོན་གཞོན་པ་དང་དེ་སྔོན་ཆབ་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་བསྐོ་བཞག་གནང་བ་རང་ནུས་ཀྱིས་ལས་དོན་སྒྲུབ།ལྕགས་གླང་༡༩༦༡ལོར་རྒྱལ་ས་པེ་ཅིན་དུ་རྒྱལ་ཁབ་དུས་སྟོན་ལ་གཟི་བརྗིད་ངང་ཞུགས་པའི་སྐལ་པ་ཐོབ་ཏེ་རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞིའི་མཇལ་བ་དང་བྱམས་བརྩེའི་བཀའ་མོལ་གནང་བ།མེས་རྒྱལ་གྱི་ལྟ་ན་སྡུག་པའི་འཛུགས་སྐྲུན་སྣ་ཚོགས་མཐོང་བྱུང་། ཆུ་སྟག༡༩༦༢ལོར་སླར་ཡང་རྒྱལ་སར་རྒྱལ་ཡོངས་ནང་བསྟན་ཆོས་ཚོགས་སུ་ཞུགས་ཐོག་རྒྱུན་ལས་ལས་འཛིན་དུ་འདེམས་བསྐོ་གནང་བ་སླར་ཡང་མེས་རྒྱལ་གྱི་གྲགས་ཅན་གྱི་དགོན་པ་དང་།སྔ་ཤུལ་མཛེས་སྡུག་ལྡན་པའི་ཡུལ་ལྗོངས། འཛུགས་སྐྲུན་སོགས་ལ་བལྟ་སྐོར་བྱ་རྒྱུ་བྱུང་། མེ་རྟ་༡༩༦༦ལོར་ལྷ་སར་གནས་སྤོས་ཀྱིས་བོད་ལྗོངས་ཆབ་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཀྱི་འགན་དབང་ལོངས་སུ་སྤྱོད་ཅིང་རང་འཁོས་ཀྱི་ལོ་རྒྱུས་རྩོམ་འབྲི་དང་འབྲེལ་ཡོད་མི་སྣ་སྲིད་ཇུས་དྲིལ་བསྒྲགས་ཀྱི་ལས་ཀ་སོགས་སྒྲུབ་མུས་འཚོ་བ་བདེ་ལྡན་ངང་གནས་ལགས་སོ།། །།