རི་བོ་ཆེའི་གདན་སའི་ཁྲི་རབས་བཅུ་གཉིས་ནས་བཅུ་བདུན་བར།

རྗེ་དྲུང་འཇམ་དཔལ་ལུང་རྟོགས། ཁྲི་རབས་བཅུ་གཉིས་པ་རྗེ་དྲུང་གྲགས་པ་ལེགས་གྲུབ་ནི། ཡབ་གྭ་ཟི་སྡེ་པ་རིན་ཆེན་རྒྱལ་མཚན་དང་ཡུམ་ཆེ་བ་འབྲོང་པ་སྒེར་རུ་བཟའི་སྲས་སུ་རིན་ཆེན་སྒང་དུ་མེ་ཁྱི་༡༦༤༦ལོར་སྐུ་འཁྲུངས། རྗེ་དྲུང་གྲགས་པ་རྒྱལ་མཚན་གཤེགས་པའི་སྐུའི་སྐྱེ་བར་གྲགས་ལ་སྒྲ་རམས་པ་གྲགས་པ་ཕུན་ཚོགས་སོགས་ལས་རིག་པའི་གནས་ལྔ་ལ་བསླབ།ཡབ་དང་ཁུ་བོས་གུ་ཤྲཱི་ཧན་གྱི་དཔུང་ཆེན་མདོ་ཁམས་སུ་སླེབས་སྐབས་ཞབས་ཞུ་གཟེངས་སུ་ཐོན་པ་བྱུང་བའི་བདག་རྐྱེན་གོང་ས་མཆོད་ཡོན་གྱིས་ལུང་དང་ལས་ཀ་ཤེལ་བམ་ཆེན་མོ་དང་རི་བོ་ཆེ་ཞེས་པ་བོད་ཡིག་ཁ་རིས་སུ་འཁོད་པའི་ཐམ་ཀ་བསྩལ། རབ་བྱུང་བཅུ་གཅིག་ཤིང་འབྲུག་༡༦༦༤ལོར་རྗེ་བཀྲ་ཤིས་དཔལ་གྲུབ་ཀྱི་ཐུགས་བཞེད་ལྟར་ཡབ་སྡེ་པ་རིན་ཆེན་རྒྱལ་མཚན་དང་། རྗེ་དྲུང་གྲགས་པ་ལེགས་གྲུབ་གཉིས་ཀྱིས་རི་བོ་ཆེ་སྟག་ལུང་གྲྭ་ཚང་སྡོམ་གསུམ་རྣམ་དག་གླིང་ཁང་ལས་ཀྱིས་གླིང་གི་གྲྭ་པ་དྲུག་ཅུ་རྨང་གཞིའི་ཐོག་ཐོས་བཙུན་བརྒྱ་དང་བརྒྱད་གསར་བཙུག་གི་ཕྱི་ནང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཞེངས། རྗེ་ངག་དབང་རྣམ་རྒྱལ་གྱི་འདས་མཆོད་ཧོར་ཟླ་བཞི་པའི་ཚེས་དྲུག་སྒྲུབ་མཆོད་གསར་འཛུགས་ལ་དགྱེས་རྡོར་གྱི་སྒྲུབ་མཆོད་དང་།སྟག་ལུང་གྲྭ་ཚང་ནས་བདེ་མཆོག ཕག་མོ། ཀུན་རིག མི་འཁྲུགས་བཅས་ལྔའི་རྡུལ་ཚོན་གྱི་སྒྲུབ་མཆོད་ཉིན་བཅུ་ཕྲག་གཅིག་ལ་ཚུགས་ནས་དམིགས་སྒེར་འབྲོག་པ་ཁག་གཅིག་མཆོད་རྒྱུན་དུ་བཙུགས།གྭ་ཟི་གདུང་རྒྱུད་ཉག་ཕྲ་བ། རྗེ་དྲུང་གྲགས་པ་ལེགས་གྲུབ་གདུང་འཛིན་གནང་རྒྱུར་མི་མང་ཆེ་བས་རེ་བ་ཆེ་ཡང་རྗེ་དྲུང་ཉིད་ཐུགས་འདོད་མེད་ཐོག་རྗེ་བཀྲ་ཤིས་དཔལ་གྲུབ་ལས་རབ་བྱུང་དང་བསྙེན་རྫོགས་བསྒྲུབ།སྟག་ལུང་ནས་རྩེ་ངག་གི་དབང་ཕྱུག་རི་བོ་ཆེར་གདན་དྲངས་ཀྱང་མཛད་སྤྱོད་ཡ་མ་ཟུང་ལ་བརྟེན་དགྱེས་རྡོར་པའི་དགེ་འདུན་རྣམས་དང་མ་འཆམ་པར་བསྐྲད་པ་རྩེ་བླ་བྲང་ཟུར་དུ་གྱེས་པའི་འགོ་ཚུགས།རྗེ་དྲུང་གྲགས་པ་ལེགས་གྲུབ་ཉིད་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་སྟེ་གཙུག་ལག་ཁང་ཆེན་མོ་ཞིག་གསོ་རྒྱ་ཆེ་བ་དང་།གསེར་ཐོག་ཆེན་མོ་བསྐྲུན་པ་དང་། རྗེ་བཀྲ་ཤིས་དཔལ་གྲུབ་སྐུ་གཤེགས་པའི་གདུང་རྟེན་དང་འདྲ་སྐུ་རྣམ་གསུམ་གསེར་དངུལ་གྱི་བཀའ་བསྟན་འགྱུར་ཚར་གཉིས་བཅས་བཞེངས།ཧོར་ཟླ་གསུམ་པའི་ཚེས་ཉེར་གཅིག་ལ་སྟག་ལུང་གྲྭ་ཚང་ཚོགས་ཡོངས་ནས་བདུན་ཕྲག་གཅིག་རིང་བདེ་མཆོག་གི་སྒྲུབ་མཆོད་ཀྱི་རྒྱུན་བཙུགས་ནས་ལྗིག་སྨད་པ་མཆོད་ཐེབས་སུ་སྦྱར།རྙིང་མ་གྲྭ་ཚང་ཚོགས་ཡོངས་ལ་རྒྱལ་དབང་བདེ་ཆེན་རྡོ་རྗེའི་ཟབ་གཏེར་ཐུགས་ཀྱི་སྒྲུབ་མཆོད་གར་འཆམས་དང་བཅས་པ་ཧོར་ཟླ་ལྔ་པའི་ཚེ་བཅུ་ལ་རྒྱུན་བཙུགས་གནང་།ཡང་དགོན་དང་རྩེ་བླ་བྲང་གཉིས་བར་འཁོན་རྩོད་ཛ་དྲག་པོ་བྱུང་ནས་ལྷ་སར་ཞུ་བཏུགས་ཀྱིས་སྔར་གྱི་སྡེ་པའི་ཁ་འཛིན་གང་ན་ཅི་ཡོད་རྩེ་བླ་བྲང་ལ་ཤོར།མཚོ་ཁའི་རྒྱལ་པོ་ལས་ཆོག་མཆན་ཐོབ་པ་ལྟར་རྩེ་བླ་བྲང་གི་གྭ་ཟི་གདུང་སྲས་ཞབས་དྲུང་ངག་དབང་སྐྱབས་ལ་གདན་ས་གཏད་ནས་རབ་བྱུང་བཅུ་གཉིས་ལྕགས་ཡོས་༡༧༡༡ལོར་སྐུ་གཤེགས།།    །། རྗེ་དེའི་སློབ་མའི་གཙོ་བོ་ནི་བཀྲ་ཤིས་འཇམ་དཔལ་རྒྱལ་མཚོ། ཞབས་དྲུང་འཕགས་མཆོག་ངག་དབང་གྲགས་པ། རྩེ་ཞབས་དྲུང་ཨོ་རྒྱན་བཀྲ་ཤིས་རྣམ་རྒྱལ། ཁམས་སྤྲུལ་ཀུན་དགའ་བསྟན་འཛིན།ཀུན་སྤངས་བསྟན་པའི་ཉི་མ། བླ་མ་ནོར་བུ་རྒྱ་མཚོ། གཏེར་ཆེན་བསམ་གཏན་གླིང་པ་སོགས་བྱུང་ངོ་།།        །། ཁྲི་རབས་བཅུ་གསུམ་པ་འཕགས་མཆོག་སྤྲུལ་སྐུ་དང་པོ་ཞབས་དྲུང་ངག་དབང་སྐྱབས་སམ་འཕགས་མཆོག་རྡོ་རྗེའམ་ངག་དབང་གྲགས་པ་ནི།གྭ་ཟིའི་གདུང་ཡབ་རྩེ་ཞབས་དྲུང་ངག་གི་དབང་ཕྱུག་གི་སྲས་རྩེ་ཞབས་དྲུང་བཀྲ་ཤིས་ཆོས་སྐྱོང་གི་སྲས་སུ་རབ་བྱུང་བཅུ་གཉིས་ས་འབྲུག་༡༦༨༨ལོར་ཀླུ་ལྡིང་དུ་འཁྲུངས་མ་ཐག་ངོ་མཚར་བའི་རྣམ་ཐར་ཡོད་ལ་གཏེར་ཆེན་བསམ་གཏན་གླིང་པས་འཕགས་མཆོག་རྡོ་རྗེ་ཞེས་མཚན་གསོལ་བ་དང་།གཏེར་ལུང་དུ།
ཨཱརྻའི་མིང་ཅན་ཚངས་བུག་མཐོ༔ སྐྱེ་བ་གསུམ་བརྒྱད་འགྲོ་དོན་སྐྱོང༔
དེ་ལས་མང་བ།
ཞེས་པ་དེ། སྟག་གྲྭའི་པད་རྒྱལ་སྤྲུལ་སྐུ་དང་སློབ་དཔོན་ཚུལ་བཟང་བ་ལས་རིག་པའི་གནས་ལྔ་ལ་སྦྱང་། རྗེ་དྲུང་གྲགས་པ་ལེགས་གྲུབ་ལས་རབ་བྱུང་དང་བསྙེན་རྫོགས་སྒྲུབ་པས་མཚན་འཕགས་པ་བཀྲ་ཤིས་དབང་རྒྱལ་ངག་དབང་གྲགས་པ་དམ་ཆོས་ཕྲིན་ལས་ཕུན་ཚོགས་ཞེས་བསྩལ་པ་དང་རང་ལུགས་ཀྱི་དབང་ཁྲིད་ལུང་གསུམ་བསྩལ།སྒྲུབ་པ་ལ་གཞོལ། བཀྲ་ཤིས་འཇམ་དཔལ་རྒྱ་མཚོ་དང་། ཁམས་སྤྲུལ་ཀུན་དགའ་བསྟན་འཛིན། གཏེར་སྟོན་བསམ་གཏན་གླིང་པ་སོགས་ལས་ཟབ་ཆོས་མང་དུ་གསན།ཡབ་ཁྲི་ཤོར་རྒྱལ་མོའི་མཚོ་ཁར་ཕེབས་རིང་རྩེ་བླ་བྲང་གི་ཆོས་སྲིད་བསྐྱང་། དེ་ནས་སྟག་གྲྭའི་པད་རྒྱལ་སྤྲུལ་སྐུ་གཤེགས་རྗེས་གྲྭ་ཚང་བླ་མའི་ཁྲིར་བཞུགས་ཀྱང་གྲྭ་ཚང་ལ་ཕན་ཐོགས་མེད་ཅིང་རྗེ་ཉིད་ཐུགས་སུན་ཡབ་སྐུ་གཤེགས་རྗེས་མཚོ་ཁའི་རྒྱལ་པོ་ཇུ་ནང་གི་བཀའ་ལྟར་ཡང་དགོན་དུ་ཆོས་རྗེ་རིམ་པའི་ཁྲིར་བཞུགས་ནས་རི་བོ་ཆེའི་ལར་རྒྱའི་འཛིན་སྐྱོང་མཛད་དེ་ཆོས་སྲིད་ཀྱི་ཕྲིན་ལས་རྒྱས།གོང་མ་ཆེན་པོ་གཡུང་ཊིའང་ཁྲི་ལོ་དང་པོ་རབ་བྱུང་བཅུ་གཉིས་ཆུ་ཡོས་༡༧༢༣ལོར་གསེར་ཡིག་ཆེད་མངགས་ཀྱིས་གོས་སེར་ལ་བྲིས་པའི་གསེར་ཡིག་དང་ཞྭ་སེར་བསྟན་པ་རྒྱས་པར་ཕན་པའི་ནོ་མིན་ཧན་ཞེས་འཁོད་པའི་རྒྱ་བོད་མཉྫུ་གསུམ་གྱི་ཡི་གེ་ཞལ་རིས་ཡོད་པའི་ཐམ་ཀ་དང་།ཕེབས་བྱམས། དབུ་གདུགས། གཙུག་ལག་ཁང་ཆེན་པོར་རྒྱ་ཡིག་གི་དགེ་འཕེལ་ལྷ་ཁང་བཀའ་ཡི་ཆོས་ནུབ་མཐར་དར་ཞེས་པའི་གསེར་གྱི་སྒོ་པན་སོགས་བསྩལ་ཀྱང་རི་བོ་ཆེར་སླེབས་དུས་སྐུ་གཤེགས་མ་ཐག་པ་དང་ཁེལ།ཆུ་ཡོས་༡༧༢༣ལོར་སྐུ་གཤེགས་སོ།།         །། ཁྲི་རབས་བཅུ་བཞི་པ་རྗེ་དྲུང་སྤྲུལ་སྐུ་བཞི་པ་རིན་ཆེན་ཤེས་རབ་ནི།  གྱིམ་ཤོད་སུམ་པ་རླངས་ཀྱི་ལྗོངས་ཁྱུང་པོ་ནག་རུའི་ཁོངས་ས་རུ་གྲོང་ཞེས་པར་གྭ་ཟི་དཔོན་ཚང་དུ་ཤིང་ལུག་༡༧༡༥ལོར་འཁྲུངས་པར་རྗེ་དྲུང་གྲགས་པ་ལེགས་གྲུབ་ཀྱི་སྤྲུལ་སྐུ་རེད་ཅེས་ས་གྲགས་རྡོ་གྲགས་སུ་གྱུར་ཀྱང་རྩེ་ཞབས་ཨོ་རྒྱན་བཀྲ་ཤིས་རྣམ་རྒྱལ་ལ་གདུང་སྲས་ཡོང་རྒྱུའི་རེ་བསྒུགས་ཀྱིས་བདག་པོ་མེད།འོན་ཀྱང་རི་བོ་ཆེའི་གྲྭ་པ་བྱས་ནས་ཐོས་བསམ་སྒོམ་གསུམ་ལ་བརྩོན་པ་དང་རབ་བསྙེན་བསྒྲུབ།འཕགས་མཆོག་ངག་དབང་གྲགས་པ་ལས་རང་ལུགས་ཀྱི་ཟབ་ཆོས་རྣམས་ཞུས་ནས་མཆོད་དཔོན་གྱི་གོ་གནས་མཛད་དེ་སྐུའི་ཉེ་གནས་མཛད་གནང་བ་དང་།གཟིམས་སྤྱིལ་གྱི་དཔེ་གཉེར་མཛད། གསར་མ་གྲྭ་ཚང་གི་ཐུན་དཔོན་བླ་མ་གནང་། གདུང་སྲས་ཁྲི་པ་ཆོས་རྗེའི་རྒྱུན་ཆད་པ་འཕགས་མཆོག་ངག་དབང་གྲགས་པ་སྐུ་ཚེ་རིང་པོ་མ་ཐོབ་པའི་རྐྱེན་གྱིས་སྤྲུལ་སྐུ་འདི་ཉིད་ས་རྟ་༡༧༣༨ལོར་གདན་སའི་ཁྲིར་ཕེབས་ཏེ་གདན་ས་གོང་མའི་རྣམ་ཐར་བཞིན་བསྐྱང་།རྗེ་ངག་དབང་གྲགས་པའི་གདུང་རྟེན་དང་། འདྲ་སྐུ། དངུལ་གྱི་བཀའ་བསྟན་འགྱུར་སོགས་བཞེངས་ནས།རབ་བྱུང་བཅུ་གཉིས་པ་ཆུ་ཕག་༡༧༤༣ལོར་སྐུ་གཤེགས་སོ།།           །། ཁྲི་རབས་བཅོ་ལྔ་པ་འཕགས་མཆོག་སྐུ་ཕྲེང་གཉིས་པ་བཀྲ་ཤིས་གྲགས་པ་རྒྱལ་མཚན་ནི།རྨེ་རུ་བློ་གྲོས་ཤོག་ཏུ་སྨུག་པོ་གདུང་གི་རིགས་སྤོ་ཡོ་དཔོན་ཚང་དུ་ཡབ་གུ་རུ་འབུམ་དང་ཡུམ་བྲག་དམར་བཟའི་སྲས་སུ་ཤིང་འབྲུག་རབ་བྱུང་བཅུ་གཉིས་༡༧༢༤ལོར་འཁྲུངས།ངོ་མཚར་བའི་ལྟས་དང་ལྡན། རྗེ་དྲུང་རིན་ཆེན་ཤེས་རབ་ཀྱིས་འཕགས་མཆོག་གི་སྤྲུལ་སྐུ་ཐག་བཅད་དེ་གདན་སར་གདན་དྲངས་ཤིང་རིག་གནས་དང་གཞུང་ལུགས་ལ་སྦྱང་།རབ་བསྙེན་བསྒྲུབ། ཙཱ་རི་རོང་དུ་བསྐོར་དུ་ཕེབས། ཆུ་ཕག་༡༧༤༣ལོར་གདན་སའི་ཁྲིར་ཕེབས། ཚོགས་ཀྱི་ཁྲིམས་དམ་ཞིང་འདུས་སྡེ་ཡང་རྒྱས།གཙུག་ལག་ཁང་གི་ཤོད་ཁང་དུ་ཁྲོ་དཀར་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་མཐོ་བརྒྱད་ཅུ་པ་ཁྲི་རྒྱབ་རང་འགྲིགས་དང་།གསེར་དངུལ་སོགས་སྣ་ལྔའི་བྲིས་པའི་བཀའ་འགྱུར་དང་། རྗེ་དྲུང་རིན་ཆེན་ཤེས་རབ་ཀྱི་དངུལ་གྱི་གདུང་རྟེན།རྒྱུད་སྡེ་བཞི་ཡི་ལྷ་མང་བཅས་བཞེངས་ཏེ་ཀུན་སྤང་མཛད་ནས་ཨ་ལྕོག་ཏུ་སྒྲུབ་པ་མཛད། ཤིང་སྦྲུལ་༡༧༨༥སྐུ་གཤེགས་སོ།།        །། ཁྲི་རབས་བཅུ་དྲུག་པ་རྗེ་དྲུང་སྤྲུལ་སྐུ་ལྔ་པ་རིན་ཆེན་ལེགས་གྲུབ་ནི།དཔའ་ཤོད་དབྲ་གྲུ་ཁར་རབ་བྱུང་བཅུ་གཉིས་ཤིང་གླང་༡༧༤༥ལོར་འཁྲུངས་ལྷ་ས་རྒྱ་བོད་ལྷན་རྒྱས་ནས་གསེར་བུམ་དཀྲུག་འདོན་གྱིས་གདན་སར་གདན་དྲངས་ཏེ་འབེ་ལོ་ཙཱ་བ་ཚེ་དབང་ཀུན་ཁྱབ་ཡོངས་ འཛིན་དུ་བསྐོས་ནས་རིག་པའི་གནས་ལྔ་ལ་མཁས་པར་སྦྱང་།འཕགས་མཆོག་བཀྲ་ཤིས་གྲགས་རྒྱལ་ལས་རང་ལུགས་ཀྱི་ཟབ་ཆོས་རྣམས་གསན་གདན་སའི་ཁྲིར་འཁོད། ཆོས་སྲིད་ལེགས་ཚོགས་སུ་འཕེལ།སྐུ་གསུང་ཐུགས་རྟེན་བཞེངས་པ་དང་། འཆད་རྩོམ་ལ་མངའ་བརྙེས་གསུང་རྩོམ་པོད་གཉིས་ཡོད་ཅིང་ཁྱད་པར་དུ་བཟོ་ཡི་རིག་བྱེད་ལ་མཁས་པས་འབུར་མ་བསྐྲུས་དང་བླུགས་མ་རས་བྲིས་སྐུ་དང་དཀྱིལ་འཁོར་སོགས་མང་པོ་བཞེངས།གོང་མ་དྷྭ་ཀོང་ནས་ཧོ་ཐོག་ཐུའི་ཆོ་ལོ་བསྩལ། མི་བསྲུན་པའི་དབྱེན་སྦྱོར་ལ་བརྟེན་བླ་བྲང་ཁག་གཉིས་ཁ་མཆུ་ཐུག་ནས་ལྷ་སར་རྒྱ་བོད་ཁྲིམས་སར་ཞུ་གཏུག་དགོས་པ་བྱུང་ཀྱང་དོན་མེད་ངལ་བ་རྒྱུ་འགྲོ་ཆེ་བ་ཙམ་ལས་ལ་རྒྱའི་འཛིན་སྐྱོང་སྔར་འཇགས་ལྟ་བུར་གནས།སྐབས་དེར་རླངས་རབ་འབྱམས་པ་དགེ་འདུན་རྒྱ་མཚོས་ལྕགས་ཟམ་དགོན་གསར་དུ་བཏབ་ནས་འཛིན་བདག་ཀུན་བདེའི་གླིང་གི་རྟ་ཚག་སྲིད་སྐྱོང་བསྟན་པའི་མགོན་པོར་ཞུས་ཁར་རི་བོ་ཆེ་དང་དཔའ་ཤོད་འཁོན་ཞུགས།ས་ཆའི་དབང་རིས་རྩོད་པ་ཤོར་བར་སྲིད་སྐྱོང་རྟ་ཚག་དགོངས་ཚོམས་ཀྱིས་ལྕགས་དགོན་མཆོད་གཞིས་སུ་རྟ་ཁྱམས་ཤོག་བཞི་དང་།གཡས་རུ། རྡོ་བྲང་། རྔེའུ་མདའ་བཅས་ནས་བདམ་དུད་ཐེམས་པ་ཉེར་བཞི་བཅས་ཁྱོན་ཐེམས་པ་སུམ་བརྒྱ་ལྷག་ཤོར།ཙཱ་རི་རོང་སྐོར་དུ་ཕེབས། ཀུན་སྤངས་མཛད་དེ་ལྷ་ལུང་འབྲུག་པ་ཁར་ཡང་དབེན་ཕྱི་ནང་རྟེན་དང་བཅས་པ་གསར་བཞེངས་ཀྱིས་སྒྲུབ་པ་མཛད་ནས་རབ་བྱུང་བཅུ་གཉིས་པ་ས་བྱི།༡༨༢༨ལོར་སྐུ་གཤེགས་སོ།།        །།
ཁྲི་རབས་བཅུ་བདུན་པ་འཕགས་མཆོག་སྐུ་ཕྲེང་གསུམ་པ་ཆོས་དབྱིངས་ལྷུན་གྲུབ་ནི།འབེ་ཆེན་ཁར་གྲུ་པ་དཔོན་ཚང་གི་སྲས་སུ་མེ་རྟ་རབ་བྱུང་བཅུ་གསུམ་པ།༡༧༨༦ལོར་འཁྲུངས་ཤིང་རྒྱ་བོད་ལྷན་རྒྱས་ནས་གསེར་བུམ་དཀྲུག་འདོན་གྱིས་གདན་སར་ཕེབས།ཕྱི་ནང་རིག་པའི་གནས་མཐའ་དག་སྦྱང་ནས་མཁས་པའི་ཏོག་ཏུ་ཐོན། རབ་བསྙེན་བསྒྲུབ་ཏེ་གདན་སའི་ཁྲིར་འཁོད།དབུས་སུ་ཕེབས་ནས་རྒྱ་བོད་ལྷན་རྒྱས་ནས་ནོ་མིན་ཧན་གྱི་གོ་གནས་བསྩལ། སྟག་ལུང་སོགས་སུ་ཕེབས།ཡང་དགོན་དུ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་ཚད་ཀྱི་གསེར་ཟངས་གྱི་སྐུ་གསར་དུ་བཞེངས་པ་དང་། གཙུག་ལག་ཁང་གི་དབུ་རྩེར་གསེར་ཟངས་ཀྱི་རྗེ་སངས་རྒྱས་དབོན་གྱི་འདྲ་སྐུ་སོགས་རྟེན་བཞེངས་དང་།ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། གསུང་རྩོམ་པོད་བཞི་ཡོད་རབ་བྱུང་བཅུ་བཞི་པའི་དགུང་གྲངས་༤༤ས་གླང་༡༨༢༩ལོར་སྐུ་གཤེགས་སོ།།    །། བར་འདིར་འདམ་མཁན་ཆོས་དབྱིངས་རྒྱ་མཚོ་རྒྱལ་ཚབ་ཏུ་མངའ་གསོལ་ནས་ཆོས་སྲིད་ཀྱི་བྱ་བ་རྒྱ་ཆེན་པོ་མཛད་དེ་འདམ་མཁན་རྒྱལ་ཚབ་ཏུ་གྲགས་ཤིང་རྒྱ་བོད་ལྷན་རྒྱས་ནས་ཏཱ་བླ་མའི་གོ་གནས་བསྩལ།རྗེ་དྲུང་དང་འཕགས་མཆོག་སྔ་ཕྱིར་གཤེགས་པའི་གདུང་རྟེན་དང་མཆོད་སྤྲིན་འབུལ་བ། རྗེ་དྲུང་དང་འཕགས་མཆོག་གི་སྤྲུལ་སྐུ་རྩད་གཅོད་ཁྲི་འདོན་སོགས་གནང་ནས་གཤེགས་སོ།།        །།

Popular posts from this blog