ཁྱིམ་བདག་དང་སློབ་མ་རྣམས་ཀྱིས་དགེ་རྒན་ཚོར་དྲིན་གཟོའི་ཁ་བཏགས་འབུལ་བཞིན་པ།
སྤྱི་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་ཉིས་སྟོང་བཅུ་དྲུག་ལོའི་ཞིང་ཆེན་ཡོངས་ཀྱི་མཐོ་རྒྱུགས་ཁྲོད་བོད་ཡིག་རྩིས་ཚན་སྐོར་གྱི་རྒྱུགས་འབྲས་ལེགས་པོ་ཐོབ་མཁན་གྱི་སློབ་མ་རྣམས་ལ་གཟེངས་བསྟོད་ཀྱི་བྱ་དགའ་གནང་བའི་མཛད་སྒོ་བསྡུས་ཤིང་། ཁུལ་སློབ་གསོ་ཅུའུ་དང་སློབ་གྲྭའི་དགེ་སློབ་ཀུན་མཛད་སྒོར་ཞུགས། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་ཉིས་སྟོང་བཅུ་དྲུག་ལོའི་ཞིང་ཆེན་ཡོངས་ཀྱི་མཐོ་རྒྱུགས་ཁྲོད་བོད་ཡིག་རྩིས་ཚན་སྐོར་གྱི་རྒྱུགས་འབྲས་ཨང་དང་པོ་ལེན་མཁན་སློབ་མ་རྡོ་རྗེ་སྐྱིད་ཆུང་བ་ཡི་སྐར་གྲངས535དང་། ཨང་བཞི་བ་ལེན་མཁན་རྡོ་རྗེ་སྐྱིད་ཆེ་བ་ཡི་སྐར་གྲངས510། ཨང་བདུན་པ་ལེན་མཁན་རྟ་མགྲིན་རྒྱལ་གྱི་སྐར་གྲངས499། ཨང་བརྒྱད་པ་ལེན་མཁན་དཔལ་ཆེན་གྱི་སྐར་གྲངས497། ཨང་དགུ་བ་ལེན་མཁན་ཨོ་རྒྱན་ཚེ་རིང་གི་སྐར་གྲངས496བཅས་ཡིན། དེར་མ་ཟད་སློབ་གྲོགས་དབང་ཆེན་རྒྱལ་དང་འཕགས་མོ་སྒྲོལ་མ། ལྷ་མོ་ཚེ་བརྟན་བཅས་ཀྱིས་མཉམ་དུ་ཨང་བཅུ་གཅིག་པ་སྟེ་སྐར་གྲངས484བླངས་པ་རེད།ཉིན་དེར་ཐོག་མར་མཚོ་ལྷོ་ཁུལ་སློབ་གསོ་ཅུའུ་ཡི་མགོ་ཁྲིད་དང་སློབ་གཙོས་གསུངས་བཤད་གནང་རྗེས། ཉིས་སྟོང་བཅུ་དྲུག་ལོའི་མཐོ་རྒྱུགས་ཁྲོད་བོད་ཡིག་རྩིས་ཚན་ཐད་རྒྱུགས་འབྲས་གཡུར་དུ་ཟ་བའི་སློབ་མ་རྣམས་ལ་གཟེངས་བསྟོད་ཀྱི་བྱ་དགའ་གནང་བ་སྟེ། ཨང་དང་པོར་བྱ་དགའ་སྒོར་ཁྲི་གཅིག་དང་། ཨང་བཞི་བ་དང་བདུན་པ། བརྒྱད་པ། དགུ་བ་བཅས་སོ་སོར་སྒོར་སྟོང་གཉིས་རེ་གནང་རྗེས། བོད་ཡིག་རྩིས་ཚན་གྱི་རྒྱུགས་འབྲས་ལེགས་པའི་སློབ་མ་འདི་དག་གིས་གུས་ཤིང་བརྩེ་བའི་སྒོ་ནས་སློབ་གྲྭའི་བསླབ་ཚན་དགེ་རྒན་རྣམས་ལ་དྲིན་གཟོའི་ཚུལ་དུ་ཁ་བཏགས་ཕུལ་བ་དང་། སློབ་གྲོགས་རྡོ་རྗེ་སྐྱིད་ཀྱིས་ཁོ་ཚོའི་ཚབ་བྱས་ཏེ་སློབ་སྦྱོང་གི་མྱོང་ཚོར་དང་། དགེ་རྒན་དང་སློབ་གྲྭར་བཀའ་དྲིན་གྱི་ཆེ་བ་བརྗོད་ཅིང་། མ་འོངས་པའི་ལམ་ཁ་ནས་ཀྱང་རང་ཉིད་ཀྱིས་ཕུགས་བསམ་ལྡན་ཞིང་བརྩོན་པ་ཡོད་པའི་སྒོ་ནས་སློབ་སྦྱོང་ལ་འབད་པ་ལྷུར་ལེན་བགྱིས་ཏེ། མེས་རྒྱལ་དང་མི་རིགས་ལ་ཕན་པའི་ཡ་རབས་ཚུལ་ལྡན་ཞིག་བྱ་རྒྱུའི་ཆོད་སེམས་བསྟན།
