བླང་དོར་གྱི་མིག མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་གསེར་ལྗོངས་བླ་མ་རུང་དུ་ལུགས་ཀྱི་བསྟན་བཅོས་ལྷ་དང་དཔལ་འདུ་བའི་ནོར་བུ་བཀའ་ཁྲིད་གནང་སྐབས་ཀྱི་ཟིན་བྲིས།
གཅིག ནུབ་ཕྱོགས་པའི་ཕྲུ་གུ་ཚོས་ཕ་མ་རྣམས་གནས་དབྱུང་གཏོང་བ། ཕ་མ་ལ་དྲིན་བཟོ་ཡོད་པ་མ་རེད་གསུངས་པ་རེད། ཕ་མ་ལ་དྲིན་བཟོ་མེད་ལུགས་དེ་སྔར་ཡང་མང་པོ་བཤད་པ་ཡིན། ནུབ་ཕྱོགས་པ་ཁ་ཚང་ཕ་མ་ལ་དྲིན་བཟོ་མེད་ཟེར་བ་མིན། ནུབ་ཕྱོགས་པའི་མི་འགའ་ཞིག་ལ་ཕ་མར་བརྩེ་བ་ཟབ་མོ་ཡོད་པ་དང་། སྤྱི་ཁྱོན་ནས་ཀྱང་སུ་དང་སུ་ཡིན་ན་འཇིག་རྟེན་མི་ཞིག་ཡིན་ཚར་ནས་བཟུང་སྟེ། ཕ་མ་ལ་བརྩེ་གདུང་ཅུང་ཙམ་རེ་ཡོད་པ་རེད། ཐ་ན་དུད་འགྲོ་ཞིག་ཡིན་ཡང་ཕ་མ་བུ་ཕྲུག་ཕན་ཚུན་ལ་བརྩེ་གདུང་ཡོད་རྒྱུ་དེ་ཆོས་ཉིད་ཅིག་རེད། འོན་ཀྱང་། བརྩེ་གདུང་ཅུང་ཙམ་རེ་ཡོད་ནའང་ཕ་མ་ལ་བརྩི་བཀུར་མི་བྱེད་པ་དང་། གཙིགས་ཆེན་མི་བྱེད་དེ་འདྲ་ཞིག་ཆགས་ཀྱིན་ཡོད་རེད། ལོ་བཅོ་བརྒྱད་ལ་མ་ཐོན་བར་དུ་ཕ་མ་དང་མཉམ་དུ་འདུག དེ་ཕན་ཆོད་ནས་བྱ་ཚང་ནས་འཕུར་བ་ལྟར་བྱས་ནས། ཕ་མ་ལ་ཡང་སྐབས་སྐབས་སུ་གྲོགས་པོའི་འདུ་ཤེས་ཀྱིས་སྐོར་རེ་རྒྱག་རྒྱུ་དེ་ཙམ་མ་གཏོགས། གུས་བཀུར་དང་ལྟ་རྟོག་བྱེད་རྒྱུ་ཇེ་ཉུང་ལ་ཧ་ལས་པ་འགྲོ་ཡི་ཡོད་པ་རེད། ཕ་མ་ཚོ་ཡིན་ན་ཕྲུ་གུ་ཆུང་ཆུང་གི་གནས་སྐབས་སུ་ཅུང་ཟད་གསོ་བ་རེད། ཡིན་ནའང་རང་རང་གི་སློབ་གྲྭར་འགྲོ་བྱེད་ཡིན་ན་འདྲ། བྱ་བ་ལས་ཀ་ཐམས་ཅད་སྲིད་གཞུང་གིས་བཀོད་སྒྲིག་བྱེད་ཀྱིན་ཡོད་རེད། ནད་པ་འདྲ་ཞིག་ཡིན་ནའང་སྨན་ཡོན་ཕ་མས་ཕུད་དགོས་མ་རེད། དེ་ཡང་སྲིད་གཞུང་གིས་ཕུད་ཀྱིན་ཡོད་རེད། དེས་དབང་གིས་ཕ་མ་དག་གིས་ཕར་ལ་འགན་ཁུར་མེད། ཚུར་ལ་ཡང་འགན་ཁུར་མེད་པ་དེ་འདྲ་ཞིག་གི་འོག་ནས་ཕ་མ་རྣམས་ལ་གུས་བཀུར་མེད་པར་འགྲོ་ཡི་ཡོད་རེད། གཉིས། རྒྱ་ནག་གི་ཕྲུ་གུ་ཚོར་ནུབ་ཕྱོགས་ཀྱི་ངན་ཤུགས་ཐེབས་པ། རྒྱ་ནག་ཡིན་ན་གནའ་བོའི་སྲོལ་རྒྱུན་རིག་གནས་ནང་ལ་ཕ་མ་ལ་གུས་བཀུར་དགོས་ཟེར་ནས་མང་པོ་བཤད་ཡོད་པ་རེད། འོན་ཀྱང་། ནུབ་ཕྱོགས་པའི་ཤུགས་རྐྱེན་ཐེབས་ནས་ད་ཆར་རྒྱ་ནག་ལའང་དེ་འདྲར་ཆགས་ཡོད་རེད། ཁྱད་པར་དུ་ནུབ་ཕྱོགས་ཀྱི་མི་ཐམས་ཅད་རྒས་འཁོགས་ཆགས་ཚར་དུས་རྒས་གསོ་ཁང་ལ་འཇོག་རྒྱུ་མ་གཏོགས། ཁྱིམ་ཚང་ནང་ལ་བཞག་སྟེ་ཉལ་ས་དྲོན་མོའི་ནང་ནས་བུ་རྒྱུད་ཀྱིས་མགོ་སྔས་བཅའ་རྒྱུ་དེ་འདྲ་ཞིག་ཡོད་པ་མ་རེད། རྒས་གསོ་ཁང་གི་ནང་ལ་འཇོག་གིན་ཡོད་པ་རེད། རྒས་འཁོགས་ཚོ་ཡང་སྒོར་མོ་ཏོག་ཙམ་ཡོད་ས་ཡིན་ན། རྒས་གསོ་ཁང་གི་ནང་ནས་ཅུང་ཟད་ཆ་རྐྱེན་ཡོད་ས། ཡང་དེ་འདྲ་མེད་ས་ཞིག་ཡིན་ན་སྡུག་པོ་མ་གཏོགས་ཡོང་བ་མ་རེད། རྒས་གསོ་ཁང་གི་ནང་ལ་ཡོད་པའི་རྒས་འཁོགས་ཐམས་ཅད་ཧ་ལས་པའི་སྡུག་བསྔལ་ཆེན་པོ་ཅན་ཤ་སྟག་རེད། རྒས་གསོ་ཁང་གི་རྒས་འཁོགས་རྣམས་དང་། རྒས་འཁོགས་སྙོར་སྐྱོང་བྱེད་མཁན་རྣམས་ལའང་ངས་ཆེད་དུ་ཁ་བརྡ་བྱས་པ་ཡིན། རྒས་འཁོགས་ཀྱི་སེམས་ཁམས་ཅི་འདྲ་རེད་རྒྱུས་ལོན་བྱས་པ་ཡིན། རྒས་འཁོགས་ཐམས་ཅད་བཟའ་རྒྱུ་གོན་རྒྱུ་ཐབས་ཆག་གིན་མི་འདུག ཡིན་ནའང་སེམས་ནང་ནས་བུ་རྒྱུད་བདག་པོ་རྒྱག་མཁན་མེད་དུས། སྙོར་སྐྱོང་བྱེད་མཁན་གཞན་ཞིག་མངགས་དགོས་པ་རེད། གསུམ། བོད་ཀྱི་བྱམས་བརྩེའི་གཟི་དཔལ་ནུབ་གླིང་ལ་མཆེད་པ། དེའི་ཐོག་ལ་ཕྱི་རྒྱལ་ལ་ཡོད་པའི་བོད་པ་ལོ་མཐོན་པོ། དཔེར་ན་ད་ལྟ་འདི་ནས་ཕར་ལོ་སུམ་བཅུ་བཞི་བཅུ་ལོན་ཚར་མཁན་སོང་བ་ཡིན་ན་འདྲ། མིན་ན་རྒྱ་གར་ནས་ཐོན་པ་ཡིན་ན་འདྲ། དེ་དག་གི་སྐོར་ནུབ་ཕྱོགས་ལ་བསླེབས་ཚར་དུས་རིག་གནས་གི་ཆུ་ཚད་ཆེན་པོ་ཡོད་པ་མ་རེད། སྐད་ཀྱང་ཡག་པོ་གོ་ཡི་ཡོད་མ་རེད། ལས་ཀ་ཆེན་པོ་ལས་དགོས་ན་ཚོང་དང་། བཟོ་གྲྭ་དེ་ཚོ་གང་གི་ཐོག་ནས་ཡིན་ན་ཁ་ཤས་མ་གཏོགས་པ། མི་མང་པོ་ཞིག་གིས་ལས་ཀ་ལས་གཉེར་ཐུབ་ཀྱིན་མི་འདུག དེ་ཡིན་དུས་མང་པོ་ཞིག་རྒས་གསོ་ཁང་གི་ནང་ལ་སོང་ནས། རྒས་འཁོགས་ལ་སྙོར་སྐྱོང་བྱེད་རྒྱུའི་བྱ་བ་སྒྲུབ་ཀྱིན་ཡོད་རེད། དེ་དག་ཡིན་ན་བོད་པ་ལ་བྱམས་སྙིང་རྗེ་འདུག རྒས་འཁོགས་ཚོར་ཟླ་ཕོག་རྐྱང་པ་ཙམ་མ་ཡིན་པའི་སྒོ་ནས་བདག་སྐྱོང་ཡག་པོ་བྱེད་ཀྱིན་འདུག དཔེར་ན་ཨོའི་སུ་ཁྲུའུ་ལེ་ཡཱ་རྒྱལ་ཁབ་འདྲ་ཞིག་ཡིན་ན་ཚགས་ཤོག་གི་ཐོག་ནས་མང་པོ་ཐོན་ཚར་རེད། བོད་པ་ཟེར་རྒྱུ་དེར་དངོས་གནས་བྱམས་སྙིང་རྗེ་འདུག རྒས་འཁོགས་ཚོར་ཡིན་ན་ཟླ་ཕོག་རྐྱང་པའི་ཆེད་དུ་མ་ཡིན་པར་བདག་སྐྱོང་ཡག་པོ་བྱེད་ཀྱིན་འདུག་ཅེས་གསར་ཤོག་གི་སྟེང་ལ་ཐོན་ཚར་བ་རེད། ང་ཚོས་ཡག་པོ་བྱེད་ཀྱིན་ཡོད་ཟེར་ནས་ཁ་ཕོ་བསྒྲགས་པ་ཙམ་ཞིག་ཁྱོན་ནས་མ་རེད། བཞི། རྒྱ་ནག་གི་དགེ་སློབ་ཀྱི་འབྲེལ་བ་དཔལ་འབྱོར་ཙམ་ལ་ཐུག་ཚུལ། སློབ་དཔོན་ལ་བཀུར་བཟོས་ཡོད་པ་མ་རེད། སློབ་དཔོན་ལ་བཀུར་བཟོས་མེད་པའི་རྒྱུ་མཚན་ཅི་རེད་ཟེར་ན། ཡང་དཔལ་འབྱོར་གཙོ་བོ་བྱས་བཞག་པའི་རྒྱུ་མཚན་གྱིས་རེད། དགེ་རྒན་ཚོ་ཡིན་ན་སློབ་མ་ཚོའི་ལག་ནས་སྒོར་མོ་ལོན་པ་ཁོ་ནའི་ཆེད་དུ་སློབ་ཁྲིད་བྱེད་ཀྱིན་ཡོད་རེད། དཔེར་ན་ཁར་རྩང་དེ་རིང་རྒྱ་ནག་ཚང་གི་དགེ་རྒན་ལ་ལས་སློབ་ཁང་གི་ནང་ནས་སློབ་ཁྲིད་བྱེད་སྐབས་རིག་པའི་གནད་གསང་བཤད་རྒྱུ་ཡོད་ན་ཉུང་ཙམ་དང་། འབྲིང་ཙམ་མ་གཏོགས་འཆད་ཀྱིན་ཡོད་མ་རེད། མི་འཆད་པའི་རྒྱུ་མཚན་ཅི་རེད་ཅེ་ན། སློབ་མ་ཐམས་ཅད་ཀྱིས་རྒྱུགས་སྤྲོད་སྐབས་སུ་དེ་དག་ཤེས་དགོས་པ་རེད། གལ་ཏེ་མ་ཤེས་ན་རྒྱུགས་མི་འཕྲོད་པ་རེད། རྒྱུགས་མ་འཕྲོད་ན་མི་ཚེ་གཅིག་ལ་བྱ་བ་ཅི་ཡང་ལག་ལ་མི་ཡོང་བ་རེད། དེ་མ་ཡོང་ན་ངེས་པར་དུ་རྒྱུགས་འཕྲོད་དགོས་པ་རེད། དེ་ཡིན་དུས་ཡིན་གཅིག་མིན་གཉིས་ཁ་གསབ་སློབ་ཁྲིད་ཞུ་དགོས་པ་རེད། དགེ་རྒན་ཚོས་སློབ་ཁང་ནང་ནས་རིག་པའི་གསང་གནད་ཁ་ཚང་ངམ་གཙོ་བོ་དེ་མི་བཤད་པར་ཅི་བྱེད་དགོས་རེད་ཟེར་ན། ཁོས་བཤད་རྒྱུར་ཁྱིམ་ལ་མར་ཤོག་དང་། ཁ་གསབ་སློབ་ཁྲིད་བྱེད་ཟེར་ནས། ཁྱིམ་ལ་མར་ཡོང་བཅུག་ཏེ་སློབ་ཁྲིད་བྱེད་དུས་ཆུ་ཚོད་རེ་རེར་སློབ་ཡོན་སྒོར་མོ་སྟོང་ཕྲག་གཉིས་རེ་དགོས་རྒྱུ། སྟོང་ཚོ་གཅིག་རེ་དགོས་རྒྱུ། སྒོར་མོ་བརྒྱད་བརྒྱ་དགོས་རྒྱུ་དེ་འདྲ་ཡོད་རེད། སློབ་དངུལ་དེ་དག་ཐོབ་པའི་ཆེད་རེད། དེ་འདྲ་བྱེད་སྐབས་སློབ་མ་ཚོ་ཡང་སློབ་ཡོན་གྱིས་མི་འདང་དུས། ན་ནིང་སློབ་མ་གཅིག་གིས་སློབ་ཁང་གི་ཐོག་ནས་ལྕེབས་ཏེ་རང་སྲོག་བཅད་རྗེས། ཤུལ་ལ་ཡི་གེ་ཞིག་བཞག་ཡོད་པ་རེད། ཡི་གེ་དེ་དྲྭ་ཐོག་ལ་སོང་ནས་འཛམ་བུ་གླིང་གིས་མཐོང་བ་དེ་འདྲ་ཞིག་ཆགས་སོང་བ་རེད། ཡི་གེ་དེའི་ནང་ལ་དགེ་རྒན་རྣམ་པ་ཚོ། ང་ཁྱོད་ཚོ་ལ་ཧ་ལས་པའི་སྤྲོ་ལངས་སོ།། ཟེར་ནས་བཤད་ཡོད་པ་རེད། རྒྱུ་མཚན། ཁོས་ཕ་མ་གཉིས་ཀྱིས་ཟ་མ་བྲ་གོན་མ་བྲ། དཔེར་ན་ཚོད་མའི་ནང་ལ་ཕག་ཤ་ཅུང་ཟད་ཅིག་ཡོད་ནའང་ཁོང་ཚོས་ཁ་ནང་བཞག་མ་བྲ་ནས། ཁོའི་ཕོར་བའི་ནང་དུ་འཇོག་པ་དེ་ལྟ་བུ་ཕ་མ་གཉིས་ཀྱིས་དཀའ་སྡུག་བརྒྱབ་བརྒྱབ་སྟེ་རྙེད་པའི་སྒོར་རྡོག་རེ་ཟུང་དེ་ཡང་དགེ་རྒན་ཁྱོད་ཚོས་འཕྲོག་པའི་བཟོ་བྱས་འདྲ་བྱས་ནས་གཡོ་སྒྱུས་ཁྱེར་སོང་བ་རེད། ད་ནི་མུ་མཐུད་སློབ་སྦྱོང་བྱེད་རྒྱུའི་ཐབས་ཤེས་མི་འདུག་ཟེར་ནས་ལྕེབས་པ་རེད། དེ་མཚོན་བྱེད་ཙམ་ཞིག་ཡིན་པ་ལས་དེ་འདྲ་ཧ་ཅང་མང་པོ་རེད། དགེ་རྒན་ཚོ་ཡིན་ན་སློབ་མར་ལྟ་སྟངས་དེ་འདྲ་ཞིག་རེད། སློབ་མ་ཐམས་ཅད་ཡིན་ནའང་དགེ་རྒན་ལ་ལྟ་ཚུལ་དེ་དང་འདྲ་བོ་ཞིག་རེད། དགེ་རྒན་ཐམས་ཅད་ཀྱིས་ང་ལ་སློབ་ཁྲིད་ཅིག་བྱས་ན་དེ་ལོས་བྱེད་བསམ་གྱིན་ཡོད་རེད། དེ་ཅི་རེད་ཟེར་ན། ངས་དེ་འདྲ་སྒོར་མོ་མང་པོ་ཞིག་བྱིན་ཡོད། སློབ་ཁྲིད་ལོས་བྱེད། སློབ་ཁྲིད་མི་བྱེད་དོན་མི་འདུག་མོད། གལ་སྲིད་སློབ་ཁྲིད་མ་བྱས་ན་དགེ་རྒན་ཐམས་ཅད་ཀྱིས་བྱ་བ་དྲང་སྒྲུབ་བྱེད་ཀྱིན་མི་འདུག་བསམ་རྒྱུ་མ་གཏོགས་པ། དགེ་རྒན་ཚོས་ང་ལ་སློབ་ཁྲིད་བྱེད་རྒྱུ་དེ་བཀའ་དྲིན་ཆེའོ་བསམ་མཁན་ཞིག་ཡོད་པ་མ་རེད། ཁར་རྩང་དེ་རིང་དུས་ཚོད་ཅིག་གིས་དེ་འདྲ་ཞིག་ཆགས་ཡོད་རེད། ཡིན་ནའང་དགེ་རྒན་ཚང་མ་དེ་འདྲ་མ་རེད། དེ་ཚོ་ཐམས་ཅད་ཀྱི་གཞི་རྩ་ངོ་མ་དེ་གང་ཐུག་འདུག་ཟེར་ན། བཙལ་འོངས་ན་དཔལ་འབྱོར་རྐྱང་རྐྱང་ལ་ཐུག་འདུག
