ལས་ཞུགས་ཀྱི་གནད་དོན་ཁྲོད་དུ་གནས་བའི་བོད་པའི་སློབ་ཆེན་པ།
རྩོམ་པ་པོ། བྱང་ཁྲག་སྨྱུག
རྒྱལ་ཁབ་དང་མི་རིགས་སོགས་མདོར་ན་སྤྱི་ཚོགས་ཧྲིལ་བོ་གང་དུ་ཡིན་ནའང་སློབ་ཆེན་པ་ནི་མ་འོངས་པའི་རེ་བ་ཡོངས་རྫོགས་བཅའ་ས་རེད། སྤྱིར་ན་བོད་རིགས་ཀྱི་སློབ་ཆེན་སློབ་མ་བརྒྱ་ཆའི་དགུ་བཅུ་ཡན་གྱི་དམིགས་འབེན་གཅིག་རང་ཡོད་པ་ནི་སློབ་ཐོན་བྱས་ཚར་རྗེས་གཞུང་ཞབས་པའི་ཡིག་རྒྱུགས་ལ་ཞུགས་རྒྱུ་དེ་རེད། འོན་ཀྱང་ལོ་རེར་ལས་ཞུགས་མ་ཐུབ་པའི་སློབ་ཆེན་པའི་སློབ་མ་སློབ་ཐོན་སློབ་མའི་བརྒྱ་ཆའི་བཞི་བཅུ་ཡན་ལ་སླེབས་ཀྱིན་ཡོད་ལ་སྲིད་གཞུང་ཀྱི་མགོ་བོ་ན་སའི་གནད་དོན་ཞིག་ཏུ་གྱུར་ཡོད། ལོ་འདི་ལྟ་བུ་ཞིག་ལ་མཚོན་ན་གཞུང་ཞབས་པ་བསྡུ་བའི་སྐར་མའི་ཚད་གཞི་དེ་བློ་བུར་དུ་རིམ་པ་གཅིག་ཡར་ལ་འཕར་རྐྱེན་བོད་རིགས་སློབ་ཆེན་སློབ་ཐོན་སློབ་མ་སྟོང་ཕྲག་འགའ་ཞིག་གི་ཕུགས་བསམ་དང་རེ་བ་མཁའ་དབྱིངས་སུ་ཡལ་ཟིན་ནས་བསམ་འཆར་དང་མ་འཐད་པའི་འུར་ཟིང་ཞིག་ཀྱང་དྲྭ་ལམ་ན་ཡོངས་ཁྱབ་ཏུ་འགྲོ་ཞིང་འདུག སྤྱིར་ན་མི་ཚེའི་ལམ་བུ་ནི་གཞུང་ཞབས་པ་གཅིག་པུ་ལས་མེད་པ་ཞིག་རྩ་བ་ནས་མ་ཡིན་མོད། བོད་པའི་སློབ་ཆེན་བ་དག་གིས་ལྕགས་ཕོར་གཅིག་ཁོ་ན་ལ་དམིགས་ནས་གཡས་གཡོན་གང་དུའང་བལྟ་མི་ཐུབ་པའི་གོམ་གཤིས་དེ་མ་དོར་ན་རེ་བ་ཡོངས་རྫོགས་བཅའ་སའི་ན་གཞོན་གསར་བུའི་ཁྱུ་ཚོགས་འདི་སྤྱི་ཚོགས་ཀྱི་གད་སྙིགས་ཤིག་ཏུ་མི་འགྱུར་བའི་ངེས་པའང་མི་འདུག མི་རིགས་གཞན་གྱི་སློབ་ཆེན་པ་མང་ཆེ་བ་ཞིག་གི་གཞོན་ནུའི་ལང་ཚོ་ཡོངས་རྫོགས་སྐྱེས་སུ་ཕུལ་སའི་སློབ་ཆེན་པའི་དམིགས་འདུན་དེ་ལུང་ཁུག་གི་གཞུང་ཞབས་པའི་ལྕགས་ཕོར་ཞིག་དང་བརྗེ་བ་ནི་ཆེས་རྗེས་ལུས་ཀྱི་བསམ་བློ་ཞིག་ཏུ་བརྩི་ཞིང་འདུག དེ་བས་ཀྱང་ང་ཚོའི་བསམ་བློ་གཏོང་དགོས་ས་ཞིག་ནི་ལས་ཀ་གང་འདྲ་ཞིག་སྒྲུབ་ནའང་རང་ཉིད་ཀྱི་དགའ་ཕྱོགས་དང་བསྟུན་ནས་སྒྲུབ་ན་བྱ་བ་དེའི་དོན་སྙིང་ཡང་མི་འདྲ་བ་ཞིག་ཡོད་པ་རེད། འོན་ཀྱང་འགོ་ཁྲིད་ཀྱིས་གང་ཞིག་ཏུ་བཀོད་སྒྲིག་བྱེད་པར་སྒུག་པའི་གཞུང་ཞབས་པའི་ལས་ཀ་ལ་ཁྱེད་ཀྱི་སེམས་ཤུགས་ཇི་ཙམ་སླེབས་ཐུབ་བམ། མི་རིགས་གཞན་གྱི་སློབ་ཆེན་པ་མཐར་ཕྱིན་རྗེས་རང་ཉིད་ཀྱིས་དངུལ་སྒོར་བཙལ་ནས་མུ་འཐུད་དུ་ཞིབ་འཇུག་སློབ་མ་དང་འབུམ་རམ་པ། རབ་འབྱམས་པ་སོགས་ཐོན་བར་བྱེད་ཀྱིན་ཡོད། དེ་བས་ཀྱང་ང་ཚོའི་གོང་གསེང་གི་འཚོ་བའང་ཕ་མའི་དངུལ་ཁུག་དང་བྲལ་མི་ཐུབ་པའི་སྐྱོ་གར་འདི་མཇུག་སྒྲིལ་རྗེས་རང་ཉིད་ཀྱི་སྒེར་ཚུགས་ཐུབ་པའི་སྦྱོང་བརྡར་ཞིག་བྱེད་དགོས་ངེས་རེད་འདུག
