སློབ་གསོ་དུས་རབས་ཀྱི་སྨན་མཆོག

སངས་རྒྱས་རང་གིས་ཀྱང་སློབ་མ་ནད་པ་རྣམས་ལ་ནད་གཡོག་མཛད། ནད་པ་བཤང་གཅིའི་ནང་དུ་གནས་པ་དག་གི་ལུས་དང་གོས་རང་ཉིད་ཀྱིས་བཀྲུ་བར་མཛད། གཞན་རྣམས་ལའང་ང་རྒྱལ་ཁེངས་དྲེགས་ཀྱི་བསམ་པ་བསྐྱུངས་ནས་འདྲ་མཉམ་གྱི་བསམ་པ་བསྐྱེད་པའི་ཕྱིར་དུ་སྨན་ཁང་གི་སྒོར་སངས་རྒྱས་རང་གིས་ནད་པ་ལ་རིམ་གྲོ་གནང་བཞིན་ཡོད་པའི་རི་མོ་འབྲིར་བཅུག །རང་གི་ཕྱག་གིས་ཕྱགས་མ་ཐོགས་ཏེ་སློབ་མ་རྣམས་ཀྱི་གཙུག་ལག་ཁང་དང་འགྲོ་འདུག་བྱ་བའི་གནས་རྣམས་ལ་ཕྱག་བདར་མཛད། སློབ་མ་རྣམས་ཀྱིས་བཟའ་བཏུང་ཅི་ཞིག་གསོལ་ན་རང་ཉིད་ཀྱང་དེ་ག་རང་གསོལ། སྦྱིན་བདག་རྣམས་ཀྱིས་ཁ་ཟས་བཟང་ངན་ཅི་ཞིག་ཕུལ་ཡང་དེ་ག་རང་ཐུགས་དགྱེས་བཞིན་གསོལ་ཏེ། ཡུལ་དགྲ་མཐར་གནས་པའི་ཚེ་ན་ཟླ་བ་གསུམ་གྱི་རིང་ལ་རྟ་ཆས་ཀྱི་ནས་རུལ་བ་གསོལ་ནས་བཞུགས། སྐབས་དེ་དུས་དང་མ་འོངས་པའི་མི་རྣམས་སྤོབས་པ་བསྐྱེད་པའི་ཕྱིར་དུ་སངས་རྒྱས་རང་ཉིད་ལ་གཞན་གྱི་སྐུར་འདེབས་དང་། སྒྲོ་འདོགས་དང་། གཤེ་བ་སོགས་ཆེད་དུ་འོང་དུ་བཅུག་ནས་དང་ལེན་མཛད་དེ། སློབ་མ་ཉམ་ཆུང་གཞན་གྱིས་བརྙས་བཅོས་བྱེད་པ་རྣམས་ཀྱིས་བདག་ཅག་གི་སྟོན་པ་ལའང་འདི་འདྲ་བྱུང་འདུག་ན་ང་ལ་དེ་ཙམ་བྱུང་བ་ལ་ཚབས་ཆེ་རྒྱུ་ཅི་ཡོད་སྙམ་ནས་མིའི་གཤེ་སྐུར་སོགས་བཟོད་བསྲན་གྱི་ཁོག་རྒྱ་བསྐྱེད་དེ་ཡི་ཆད་པ་མེད་པར་མདུན་དུ་བསྐྱོད་ནས་འདྲ་མཉམ་གྱི་ཡོན་ཏན་ཐོབ་པའི་ཐབས་མཛད་དོ། །
                                                མཁན་ཚུལ་ཁྲིམས་བློ་གྲོས་ནས།

Popular posts from this blog