མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་གསེར་ལྗོངས་བླ་མ་རུང་དུ་ལུགས་ཀྱི་བསྟན་བཅོས་ལྷ་དང་དཔལ་འདུ་བའི་ནོར་བུ་བཀའ་ཁྲིད་གནང་སྐབས་ཀྱི་ཟིན་བྲིས།
གཅིག བྱ་བ་གང་ཞིག་དོན་དང་ལྡན་པ་དང་། གང་ཞིག་དོན་དང་མི་ལྡན་པ། ལྟ་བ་གང་ཞིག་ལ་སྙིང་པོ་ཡོད་པ་དང་། གང་ཞིག་ལ་སྙིང་པོ་མེད་པར་ལྟ་བ་དེ་ལ་དེང་སང་རིན་ཐང་གི་ལྟ་བ་ཟེར་རེད།  
གཉིས། ཚེ་སྔ་མ་དང་། ད་ལྟ། ཕྱི་མ། སྐྱེ་རྒ་ན་འཆི་སོགས་ལ་ལྟ་བ་དེར།  དེ་རིང་ཁ་རྩང་མི་ཚེའི་ལྟ་ཚུལ་ཟེར་གྱིན་འདུག  
གསུམ། གཙོ་བོ་མི་སེར་གྱི་དབར་རྒྱུག་ཆེ་བའི་བསམ་བློ་ལ་གཙོ་རྒྱུག་གི་བསམ་བློ་ཟེར་བ་རེད།  
བཞི། ཕོ་ལྷ། དགྲ་ལྷ། ལུས་ལྷ་སོགས་ཡོད་དགོས་རེད། འདི་དག་གིས་དཔུང་གཉེན་དང་། གདོང་གྲོགས། མགོན་སྐྱབས་མཛད་པ་ལ་བརྟེན་ནས། སྤྱིར་བཏང་གི་མིས་སྒྲུབ་མི་ཐུབ་པའི་བྱ་བ་མང་པོ་ཞིག་བསྒྲུབ་ཐུབ་པ་རེད། 
ལྔ། གཞུང་འགའ་ཤས་ལས་གྲུབ་ཐོབ་དག་ཆོས་དང་འཇིག་རྟེན་གཉིས་ཀ་ལས་འདས་པ་ཡིན་དགོས་གསུངས་པ་དེ། འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་དེ་དག་ལས་འདས་དགོས་གསུངས་པ་རེད་མ་གཏོགས། འཇིག་རྟེན་པ་རྣམས་ཀྱིས་ཟས་གཙང་མ་བཟའ་ན། རྣལ་འབྱོར་པ་རྣམས་ཀྱིས་མི་གཙང་པ། ཉབ་བེ་ཉོབ་བེ་བཟའ་དགོས་རེད་གསུངས་པ་མ་རེད། དེ་བཞིན་དུ་འཇིག་རྟེན་པས་ལུད་སྙིགས་ཟོམ་དུ་བླུགས་ན། རྣལ་འབྱོར་པ་རྣམས་ཀྱིས་ལམ་ནང་དུ་དོར་དགོས་ཞེས་པའི་དོན་མ་རེད།  
དྲུག བླ་མ་དག་གིས་ཀྱང་མི་ལ་རས་པ་ལྟ་བུ་མི་ཚེ་གཅིག་ལ་རི་ཁྲོད་དུ་བཞུགས་བསྡད་ན་མ་གཏོགས། མཛད་འཕྲིན་རྒྱས་དགོས་ཕྱིན་འཇིག་རྟེན་པ་རྣམས་དང་བསྟུན་རྒྱུ་ཧ་ཅང་གལ་ཆེན་རེད། འཇིག་རྟེན་པ་རྣམས་དང་མ་བསྟུན་ན། ཡུན་རིང་མཉམ་དུ་བསྡད་པའི་སློབ་མ་རེ་ཟུང་རེ་མ་གཏོགས་དད་པ་སྐྱེ་ཡི་མ་རེད། དེ་ལྟ་བུའི་སློབ་མ་ཡིན་ན་དད་པ་ལོག་གིན་མ་རེད་མ་གཏོགས། གཞན་འཛམ་བུ་གླིང་ནས་དད་པ་སྐྱེ་ཡི་མ་རེད། ལ་ལས་དེ་ལ་ཚུལ་འཆོས་ཟེར་གྱིན་འདུག དེ་ལ་ཚུལ་འཆོས་ཟེར་མ་རེད། བསྟོད་བཀུར་སྙན་གྲགས་རྐྱང་པའི་ཆེད་དུ། མ་ཡིན་ན་ཡིན་ཁུལ་དང་། མ་ཡོད་ན་ཡོད་ཁུལ།  མ་འཇོན་ན་འཇོན་ཁུལ་བྱེད་པ་དེ་ལ་ཆོས་གཞུང་ནས་ཚུལ་འཆོས་སུ་བཤད་པ་རེད།  
བདུན། ཆོས་དེ་དེང་རབས་དང་མཐུན་པར་བྱེད་རྒྱུ་གལ་ཆེན་རེད། འོན་ཀྱང་།  སྤྱི་ཚོགས་རྐྱང་པ་དང་བསྟུན་ན་ཆོས་ཀྱི་རྩ་བ་སྒོམ་སྒྲུབ་ཉམས་ལེན་གྱི་བྱ་བ་དེ་ཉམས་འགྲོ་བའི་ཉེན་ཁ་ཡོད་རེད། དེ་ཡིན་དུས། རབ་བྱུང་པ་རྣམས་ཀྱིས་འདུལ་བའི་ཕྱག་ལེན་ལ་འབད་པ་བྱེད་རྒྱུ་དང་། སྔགས་པ་ཐམས་ཅད་ཀྱིས་འདུལ་ཁྲིམས་སྲུང་དགོས་པ་མ་རེད་དེ། བསྙེན་སྒྲུབ་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད།  
བརྒྱད། སྒར་འདི་ཡར་རྒྱས་འགྲོ་དང་མི་འགྲོ་དེ་སློབ་གསོ་ལ་རག་ལས་ཡོད་རེད། དཔེར་ན་དུད་ཚང་གཅིག་གི་བུ་སྤུན་གཉིས་སློབ་གླིང་མི་འདྲ་བ་གཉིས་ལ་བསྐྱལ་ན། མི་དེ་གཉིས་ཀྱི་བྱ་སྤྱོད་ཁ་ཁར་ཆགས་འགྲོ་རེད། དེ་ཅིའི་ཕྱིར་མི་འདྲ་བ་ཆགས་སོང་བ་རེད་ཟེར་ན། སློབ་གླིང་མ་འདྲ་བས་རེད། དེ་ཡང་སློབ་གླིང་གཉིས་ཀྱི་སློབ་གསོ་མ་འདྲ་བས་རེད།
དགུ། ཆོས་པ་ཡང་དག་པ་ཞིག་ཏུ་འགྱུར་དགོས་ན། ཐོག་མར་མི་ཚད་ལྡན་ཞིག་དང་། དེ་ནས་བྱང་ཆུབ་སེམས་དཔའ་ཞིག་ཏུ་ཨེ་འགྱུར་བལྟ་རྒྱུ་དང་།  བྱང་ཆུབ་སེམས་དཔར་གྱུར་དུས་གཟོད་སངས་རྒྱས་སུ་ཨེ་འགྱུར་བལྟ་དགོས་པ་རེད། མ་གཏོགས་མི་གཞི་ཙམ་ཡང་མེད་པར།  ཆོས་པ་ཚད་ལྡན་ཞིག་ཏུ་འགྱུར་དགོས་ན་ཧ་ཅང་དཀའ་མོ་རེད། 
བཅུ། རྒྱའི་མི་རིགས་ཀྱིས་མེས་པོ་ཡིན་མིན་གྱི་ཐོག་ནས་མཆོག་དམན་འབྱེད་པ་དང་། རྒྱ་གར་ནས་ཤ་པགས་དཀར་ནག་གིས་མཆོག་དམན་འབྱེད་པ་དང་། རྒྱ་ནག་ནས་དཔལ་འབྱོར་ཆེ་ཆུང་གིས་མཆོག་དམན་འབྱེད་ཀྱིན་ཡོད་རེད། ང་ཚོ་བོད་ལ་ཤ་པགས་དཀར་ནག་གི་མཆོག་དམན་ཅང་འབྱེད་རྒྱུ་ཡོད་པ་མ་རེད། ཚང་མ་ཤ་པགས་སེར་པོའི་རིགས་རེད། དེ་ཡིན་དུས་ཡ་རབས་ཀྱི་སྤྱོད་པའི་ཐོག་ནས་མཆོག་དམན་གྱི་དབྱེ་བ་འབྱེད་པ་རེད། 
བཅུ་གཅིག འོ་ན། ཆོས་དང་འཇིག་རྟེན་གཉིས་ཁ་ཁར་འགྲོ་དགོས་མ་རེད་དམ་ཟེར་ན། ཆོས་དང་འཇིག་རྟེན་གཉིས་ཁ་ཁར་སོང་ན། རབ་ཏུ་བྱུང་བའི་ཁྲོད་ཀྱི་ཆོས་པ་རེ་ཟུང་མ་གཏོགས། འཇིག་རྟེན་པའི་ཁྲོད་ནས་ཆོས་པ་མི་འབྱུང་བ་དེ་འདྲ་ཆགས་འགྲོ་བ་རེད། དེ་ཡིན་དུས་འཇིག་རྟེན་དང་མ་བསྟུན་ན་རྩ་བ་ནས་འགྲིག་གིན་མ་རེད།
ཟིན་བྲིས་པའི་གསལ་བཤད། ཟབ་གནད་མཛེས་གསུམ་གྱིས་ཕྱུག་པའི་ཞལ་གདམས་འདི་ཚོ། ཐོས་འཛིན་གྱི་བུ་གར་ལྷུང་སྐབས་ཟིན་བྲིས་སུ་མི་འདེབས་རང་དབང་མ་བྱུང་ཞིང་། ལྷག་པར་ཐེངས་འདིར་ཁོང་གི་སྐུ་མདུན་ནས་དངོས་སུ་ཆོས་ཁྲིད་ཉན་སྐལ་མ་བྱུང་བའི་མི་བུ་ཚོ་ལ། ཅུང་ཕན་དུ་རེ་བའི་ཀུན་སློང་གཙང་མའི་འོག་ནས་ཡི་གེར་བཀོད་པ་ཡིན། དེས་ན་ཁྱེད་མཁྱེན་ལྡན་གྱི་གྲོགས་པོ་ཚོས་ཀྱང་གང་འདོད་དུ་བརྒྱུད་སྤེལ་བྱེད་རོགས་གནང་ཞེས་ཞུ་བ་ལགས་ན། དེ་ལུགས་ལྟར་ཐུགས་ལ་འཇོག་འཚལ།

Popular posts from this blog