རི་བོ་ཆེའི་ནང་གསེས་བླ་བྲང་ཟུར་པ་རྩེ་ཞབས་དྲུང་ཁྲི་རབས་བྱུང་ཚུལ།

རྗེ་དྲུང་འཇམ་དཔལ་ལུང་རྟོགས།

རི་བོ་ཆེའི་ནང་གསེས་བླ་བྲང་ཟུར་པ་རྩེ་ཞབས་དྲུང་གི་ཁྲི་རབས་བྱུང་ཚུལ་ནི། 
རྩེ་ཞབས་དྲུང་ངག་གི་དབང་ཕྱུག་ཆོས་ཀྱི་ཉི་མ་བཀྲ་ཤིས་ཕྲིན་ལས་འོད་བརྒྱ་འབར་བ་ནི། ཡབ་གྭ་ཟི་མི་དབང་དགེ་ལེགས་རྒྱ་མཚོ་དང་ཡུམ་སྐྱུ་རུ་བཟའ
ཕུན་ཚོགས་བུ་ཁྲིད་ཀྱི་སྲས་སུ་ཕོད་མདོ་རྫོང་དུ་ཤིང་གླང་༡༦༢༥ལོར་འཁྲུངས་ཤིང་རིག་གནས་དང་མདོ་སྔགས་ལ་སྦྱང་།རྗེ་བཀྲ་ཤིས་དཔལ་གྲུབ་ལས་རབ་བྱུང་དང་། རང་ལུགས་ཀྱི་ཆོས་རྣམས་གསན་ཏེ་རབ་བྱུང་བཅུ་གཅིག་པ་ས་སྟག་༡༦༣༨ལོར་རྗེ་བཀྲ་ཤིས་དཔལ་གྲུབ་ཀུན་སྤངས་མཛད་ནས་སྟག་ལུང་གི་ཁྲིར་མངའ་གསོལ།བྱང་ཕྱོགས་སུ་སྒར་ཆེན་མཛད་ནས་ཐེང་མང་ཕེབས། བྱང་དུ་ཕེབས་སྐབས་སོ་ཐར་སྡོམ་པ་ལྟུང་ནས་འཛིན་ཚུག་མ་ཐུབ་པའི་རྐྱེན། རྗེ་བཀྲ་ཤིས་དཔལ་གྲུབ་ཀྱིས་བཀའ་བཀྱོན་ནས་ཁྲི་ལས་ཕབ། གུ་ཤྲཱི་ཧན་གྱི་དཔུང་གིས་ཁམས་ཁུལ་བེ་རི་འཇོམས་འཇགས་སུ་བཏང་ཏེ་རྗེ་དྲུང་གྲགས་པ་རྒྱལ་མཚན་ཁམས་སུ་ཕེབས་ལམ་སྐུ་ཐིམ་པས་རྗེ་བཀྲ་ཤིས་དཔལ་གྲུབ་གོང་ས་ནས་དགོངས་པ་མ་ཁྲོལ་བས་རྩེ་ཞབས་འདི་པ་ཁམས་སུ་ཕེབས་ཏེ་རི་བོ་ཆེའི་ཁྲི་ལ་ལོ་བཞི་ཙམ་བཞུགས་ཏེ།སྡེ་པ་རིན་ཆེན་རྒྱལ་མཚན་དང་མཉམ་དུ་ཆོས་སྲིད་འཛིན་སྐྱོང་གནང་ཀྱང་ཕྱི་ཚུལ་དུ་མཛད་སྤྱོད་མི་མཛེས་པ་དང་།ལྕམ་ཡང་འགའ་རེ་བཞེས་པས་རི་བོ་ཆེ་དགྱེས་རྡོར་ཁང་གི་གྲྭ་མང་ནས་ས་ཕྱོགས་གཞན་དུ་འབྱོན་བས་ཞུ་བ་ཕུལ་ཀྱང་མ་གནང་བར་གྲྭ་དམངས་ཀྱིས་རྡོ་དེད་བྱས་ནས་ཕུད་པ་དོན་དམ་གྲུབ་པའི་དབང་ཕྱུག་ཡིན་པས་གྲུབ་རྟགས་ཀྱིས་སྐུ་སྲོག་ལ་སྐྱོན་མ་བྱུང་།གཤམ་ཁྱིམ་དུ་གཟིམས་ཁང་རྒྱབ་ནས་ཟུར་དུ་བཞུགས། སྒོ་ཁྲིར་རི་དྭགས་བསད་གསོ་བྱས་པ་སོགས་རྫུ་འཕྲུལ་ལ་མངའ་བརྙེས་པ་གྲགས།དེ་ནས་རྗེ་བཀྲ་ཤིས་དཔལ་གྲུབ་ཕེབས་ནས་སྡེ་པ་རིན་ཆེན་རྒྱལ་མཚན་གྱི་སྲས་རྗེ་དྲུང་གྲགས་པ་ལེགས་གྲུབ་ཡང་དགོན་དུ་བཞག་ཅིང་ཆོས་རྗེའི་འཛིན་སྐྱོང་གནང་རྒྱུ་དང་།རྩེ་པའི་གསོལ་སྐལ་ཟུར་དུ་བྱས་ནས་ཐག་གཅོད་གནང་ཡང་། རྩེ་ཞབས་དང་སྟག་ལུང་ཕྱག་མཛོད་དབུ་མ་པས་གཞུང་སར་བདེ་སྡུག་ཞུས་པས་གཞུང་ས་ནས་དོན་གཅོད་སྐུ་ཚབ་སྦྲེལ་པོ་མངགས་ནས་སྟག་ལུང་སྡེ་པའི་བབས་ཐོབ་གང་ཡོད་པ་རྣམས་དང་།སྟག་ལུང་གྲྭ་ཚང་ཡང་རྩེ་ཁོངས་སུ་གནང་། དེ་ནས་བཟུང་སྟེ་རྩེ་བླ་བྲང་ངམ་རྩེ་ཞབས་དྲུང་བླ་བྲང་ཞེས་བྱ་བ་འདི་བྱུང་།རབ་བྱུང་བཅུ་གཅིག་མེ་ལུག་༡༦༦༧ལོར་རྩེ་བླ་བྲང་གི་ཕོ་བྲང་བཀྲ་ཤིས་རབ་བརྟན་གྱི་རྨང་གཞི་བཏབ་ནས་བླ་བྲང་ཟུར་དུ་གྱེས།རྒྱལ་རོག་རོང་པོ་དཔོན་ཚང་གི་སྲས་མོ་ཕུན་ཚོགས་དབྱངས་འཛོམས་ཁབ་ཏུ་བཞེས་པའི་སྲས་བཀྲ་ཤིས་ཆོས་སྐྱོང་འཁྲུངས་།སོགས་པོ་དཱ་ལེན་ཝང་ཐང་ཇི་མཇལ་བར་འཕགས་པ་ལྷ་དང་ལྷན་ཅིག་ལི་ཐང་དུ་ཕེབས། ཞོར་དུ་རྫ་གོལ་དགོན་སོགས་སུ་ཕེབས་ཆོས་འཁོར་བསྐོར།ཡར་ལམ་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་དང་ལྷན་ཅིག་རི་བོ་ཆེར་ཕེབས། རྩེ་ཞབས་འདི་པ་ལྷ་སར་ཐེངས་ལྔ་ཙམ་བྱོན་ཅིང་ཀུན་གཟིགས་ལྔ་པ་ཆེན་པོས་ཀྱང་གཟིགས་བཟོས་ཆེན་པོ་གནང་སྟེ་ཤེར་བམ་ཆེན་མོ་ལས་ཐམ་ཆོས་གླིང་རྨོ་གདོང་གླེ་གསུམ་གྱི་དགོན་སྡེ་ས་རིས་བཅས་པ་གནང་།ཁོང་རེས་འགའ་ཆོས་གོས་རྣམ་གསུམ་གསོལ་བ་དང་། རེས་འགའ་སྤག་ཚགས་དང་ཕྱུ་ཆེན་བཞེས་པ་སོགས་གྲུབ་ཐོབ་ཀྱི་རྣམ་པ་སྟོན་མཐར་རྩེའི་ཀླུ་ལྡིང་སྤྲོ་ཁང་དུ་སྐུ་གཤེགས།འདི་ཡི་སྤྲུལ་བརྒྱུད
དེ་ལས་མང་བ།
སྟག་ལུང་ཡར་ཐང་གི་ལོ་རྒྱུས་ནང་རྩེ་སྤྲུལ་སྐོར་བསྟན་ཟིན་ཏོ།།         །།
ཁྲི་རབས་གཉིས་པ་རྩེ་ཞབས་དྲུང་བཀྲ་ཤིས་ཆོས་སྐྱོང་ནི།ཡབ་རྩེ་ཞབས་དང་ཡུམ་རོང་པོ་བཟའ་ཕུན་ཚོགས་དབྱངས་འཛོམས་གཉིས་ལ་འཁྲུངས། རྩེ་བླ་བྲང་གི་ཁྲིར་འཁོད།ལོ་རྒྱུས་གི་རྣམ་ཐར་ཞིག་ཡོད་ཀྱང་དེང་སང་མཐོང་མ་བྱུང་།།             །། ཁྲི་རབས་གསུམ་པ་རྩེ་ཞབས་དྲུང་ཨོ་རྒྱན་བཀྲ་ཤིས་རྣམ་རྒྱལ་ནི།ཤིང་ཁྱི་༡༦༩༤ལོར་ཡབ་བཀྲ་ཤིས་ཆོས་སྐྱོང་དང་ཡུམ་སྡོམ་པ་བཟའི་སྲས་སུ་རྩེའི་ཀླུ་ལྡིང་དུ་འཁྲུངས།ཆུང་ངུའི་དུས་རྫུ་འཕྲུལ་རོལ་རྩེད་སྣ་ཚོགས་མཛད། རྗེ་དྲུང་གྲགས་པ་ལེགས་གྲུབ་དང་། གཅེན་འཕགས་མཆོགགཏེར་ཆེན་བསམ་གཏན་གླིང་པ་སོགས་ལས་སྤྱི་དང་བཀའ་བརྒྱུད་ཀྱི་ཆོས་སྐོར་གསན་ཏེ་དགེ་བསྙེན་བསྒྲུབས།ལྷ་སར་ཕེབས་ནས་གོང་ས་བསྐལ་བཟང་རྒྱ་མཚོར་མཛད་བཅར་ཞུས། སྟག་ལུང་དུ་ཕེབས་ཤིང་རི་བོ་ཆེར་ཕེབས།ཀརྨ་པའི་ལྕམ་སྲིང་ཀར་ལྕམ་དབང་མོ་ཁབ་ཏུ་བཞེས་ཀྱང་ཆོས་སྲིད་ཀྱི་གེགས་སྐྱོན་ལ་བརྟེན་སྲས་མོ་ཞིག་ལས་མ་བྱུང་བས་སྲས་མོ་དེ་ཕྱིས་བཙུན་མོ་བྱས་ཏེ་སྟག་ལུང་དབོན་མོར་གྲགས།ས་སྤྲེལ་༡༧༢༨ལོར་སྐུ་གཤེགས་སོ།།      །། ཁྲི་རབས་བཞི་པ་མདོ་མཁར་ཞབས་དྲུང་བཀའ་བློན་ཚེ་རིང་དབང་རྒྱལ་གྱི་སྐུ་མཆེད་ཞབས་དྲུང་བཀྲ་ཤིས་དཔལ་མཆོག་རྩེ་བླ་བྲང་དུ་གདན་དྲངས། སྒོམ་སྡེ་ནང་ཆེན་སྲས་མོ་ལྷ་མཚོ་ཁབ་ཏུ་བཞེས་ཀྱང་སྲས་མ་བྱུང་བ་དང་དབྱེན་སྦྱོར་གྱིས་རྐྱེན་པའི་སྲས་མོ་ལྷ་མཚོ་ཕྱིར་བསློག  ཁོང་བུ་ཆུང་གི་སྤྱོད་པ་ལྟ་བུར་རྟ་རྒྱུགས་མདའ་འཕེན་རི་ལྟས་སུ་ཕེབས་ཅིང་ཆང་བཞི་བསྐོར་རྒྱབ་པ་མཆོད་པ་དང་། བསྒྱུར་ཁ་སླ་བ་ཆེ་བའི་ཐབས་དང་བྲལ་བ་ཞིག་བྱུང་རུང་འཕགས་མཆོག་བཀྲ་ཤིས་གྲགས་རྒྱལ་གིས་བཀའ་བརྩི་སྲུང་གི་བླ་བྲང་ཁག་གཉིས་ནང་གཙང་བ་བྱུང་ཀྱང་དབྱེན་ཕྲ་ལ་བརྟེན་མངའ་ཞབས་སེ་རྡོར་པར་ཁྲིམས་གཅོད་ཚད་མེད་གནང་བར་བརྟེན་བཞུགས་གཟོ་མ་བདེ་བར་དབུས་སུ་ཕེབས་མཐར་ཀླུང་ཤོད་རོང་སེར་ཚ་ཀ་དྲུག་ཚང་གི་མག་པར་བཞུགས་ཏེ་སྐུ་གཤེགས་སོ།།               །། ཁྲི་རབས་ལྔ་པ་རྩེ་པའི་ཡང་སྲིད་བཀྲ་ཤིས་དགེ་བའི་དབང་པོ་ནི། ཁྱུང་པོ་དཀར་རུ་རྒྱ་ལེབ་ཚང་དུ་ཆུ་ཡོས་༡༧༢༣ལོར་འཁྲུངས།  རི་བོ་ཆེར་རྒྱུན་རིང་བཞུགས། རིག་གནས་དང་གཞུང་ལུགས་ལ་མཁས་པར་སྦྱངས་སྟེ་ཞབས་དྲུང་བཀྲ་ཤིས་རྣམ་རྒྱལ་དང་།གྲྭ་ཚང་བླ་མ་པད་རྒྱལ་སོགས་ལས་རང་ལུགས་ཟབ་ཆོས་རྣམས་ཞུས། སྟག་ལུང་དུ་ཕེབས་ནས་རྗེ་བསྟན་འཛིན་རྣམ་རྒྱལ་ལས་ཆོས་གསན་ཅིང་འོད་འཇོར་བཞུགས།བཀྲ་ཤིས་དཔལ་དབུས་སུ་ཕེབས་རྗེས་རི་བོ་ཆེར་རྩེ་བླ་བྲང་གི་ཁྲི་ཚབ་ཏུ་ཕེབས་ཀྱང་ལོ་གཅིག་སོང་དུས་རྙིང་མ་གྲྭ་ཚང་གི་སློབ་དཔོན་ལ་དགོངས་ཚོམས་གནང་བས་འཁྲུགས་ཟིང་བྱུང་སྟེ་ནང་མ་གཤིན་པའི་ངང་ཤིང་སྤྲེལ་༡༧༦༤ལོར་སྐུ་གཤེགས་སོ།།          །། དེ་རྗེས་མདོ་མཁར་བ་བཀའ་བློན་བསོད་ནམས་དབང་རྒྱལ་གྱི་བཀས་མངགས་ལྟར་རྫ་གོལ་བ་གཞུང་སའི་མཁན་ཆུང་གྲགས་མཆོག་ལ་རྩེ་བླ་བྲང་གི་མཛོད་པ་བསྐོས་ནས་ཁྲི་ཚབ་བྱས་པ་དང་།ཕྱག་སྦྲེལ་མི་གསར་རྒྱལ་མཚན་གཉིས་ཀྱིས་སྲིད་སྐྱོང་ལོ་བཅུ་གཉིས་བྱས།།        །། ཁྲི་རབས་དྲུག་པ་ཞབས་དྲུང་ངག་དབང་ཆོས་ཀྱི་གྲགས་པ་ནི། མདོ་མཁར་བཀའ་བློན་བསོད་ནམས་དབང་རྒྱལ་གྱི་སྐུ་མཆེད་དུ་ས་ཡོས་༡༧༥༩ལོར་འཁྲུངས། སྟག་ལུང་བཀྲ་ཤིས་གྲགས་པ་ཡེ་ཤེས་ལས་རབ་ཏུ་བྱུང་ཆོས་ལུགས་ལ་མཁས་པར་སྦྱངས།གྲགས་པ་ཡེ་ཤེས་ལས་རང་ལུགས་ཀྱི་ཆོས་རྣམས་གསན་པས་མཁས་བཙུན་བཟང་པོའི་ཡོན་ཏན་མཆོག་དང་ལྡན་ཅིང་བཟོ་ཡི་རིག་བྱེད་ལ་མཁས།ཤིང་ལུགས་༡༧༧༥ལོར་རི་བོ་ཆེ་རྩེ་བླ་བྲང་གི་ཁྲིར་ཕེབས། ས་ཕག་༡༧༧༩ལོར་ལྷ་སར་ཕེབས་ཏེ་མདོ་མཁར་བཀའ་བློན་ནས་བདག་རྐྱེན་གོང་ཞུས་ཐོག་རྒྱ་བོད་ལྷན་རྒྱས་ནས་ནོ་མིན་ཧན་གྱི་ཆོ་ལོ་བསྩལ།སླར་ཡང་སྟག་ལུང་ལུང་དུ་ཕེབས་ཏེ་གྲགས་པ་ཡེ་ཤེས་ལས་བསྙེན་རྫོགས་དང་བཀའ་ཆོས་ཞུས་ནས་རི་བོ་ཆེར་ཕེབས་ཤིང་རྩེའི་ཕོ་བྲང་བཀྲ་ཤིས་རབ་བཏན་གསར་དུ་བཏབ་པ་དང་།ཐུབ་དབང་གནས་བརྟན་བཅུ་དྲུག་བྲག་རི་ཅན་སྤུས་ལེགས་དང་། གསེར་དངུལ་གྱི་བཀའ་བསྟན་འགྱུར།གསེར་ཟངས་ཀྱི་སངས་རྒྱས་སྟོང་སྐུ་བཞེངས་པ་དང་། བླ་བྲང་དུ་སྟག་ལུང་གྲྭ་ཚང་ཚོགས་ཡོངས་ནས་དགུ་ཆེན་དང་།དགུན་ཉི་ལྡོག་སྐབས་བྱ་རོག་མཚན་གྱི་སྔགས་རྒྱུན། གསར་རྙིང་གྲྭ་ཚང་གཉིས་ནས་ཚོགས་ཁག་བཞིའི་ལོ་གཏོ་བཅས་གསར་དུ་བཙུགས།སླར་ཡང་བླ་བྲང་གཉིས་ནང་མ་མཐུན་པར་ས་སྤྲེལ་༡༧༨༨ལོར་ཞབས་དྲུང་ཆོས་གྲགས་དང་། རྗེ་དྲུང་རིན་ཆེན་ལེགས་གྲུབ་གཉིས་ཀ་ལྷ་སར་ཕེབས་ཏེ་རྒྱ་བོད་ལྷན་རྒྱས་སུ་ཞུ་གཏུགས་གནང་ཀྱང་དོན་མེད་སྐུ་ངལ་ཆེ་བ་ལས་ཕན་གནོད་རྒྱལ་ཕམ་གང་ཡང་མ་བྱུང་བ་ནི་ཞབས་བླའི་རྒྱབ་ཤུགས་མདོ་མཁར་པ་སོགས་ཀྱིས་བྱས་པ་དང་།ཡང་བླའི་རྒྱབ་ཤུགས་ཨམ་བན་ལྷན་ནས་བྱས་པས་ཤེད་མཉམ་ལྟ་བུ་བྱུང་། རི་བོ་ཆེར་ཕེབས་ནས་བལ་བོད་འཁྲུགས་རྩོད་ལྷིང་འཇགས་སུ་གོང་མའི་དཔུང་ཆེན་རི་ཆེར་འབྱོར་བ་ས་གནས་ཀྱི་ཞུ་སྒོ་རིགས་ལེགས་པར་བསྒྲུབ།བླ་བྲང་གཉིས་ནང་རྩོད་རྫོགས་མེད་ཀྱིས་ཞབས་དྲུང་ཐུགས་སུན་ལྟ་བུའི་ངང་ནས་ཤིང་གླང་ ༡༨༠༥ལོར་རྩེ་བླ་བྲང་གི་གདན་ས་དེ་སྲིད་སྐྱོང་སྟག་ཚག་བསྟན་པའི་མགོན་པོར་ཕུལ་ཏེ་སྐུ་ཚབ་དཔའ་ཤོད་བླ་བྲང་ནས་མཁན་ཐོག་གཉིས་ཙམ་བཞགཞབས་དྲུང་ཉིད་གཤམ་ཁྱིམ་དུ་ཕོ་བྲང་བཏབ་ནས་བཞུགས། ཤིང་རྟ་ ༡༨༡༠ལོར་སྐུ་གཤེགས་སོ།།    །།སྟག་ཚག་བསྟན་པའི་མགོན་པོ་གཤེགས་ནས་མདོ་མཁར་བས་བདག་བཟུང་བྱས་ཏེ་ལྕགས་ལུགས་༡༨༡༡ལོར་སྟག་ལུང་གི་དཀྱིལ་སྲང་པ་ངག་དབང་ཤེས་རབ་རྩེ་བླ་བྲང་གི་ཁྲི་ཚབ་ཏུ་མངགས་པས་ལོ་བརྒྱད་ཙམ་བཞུགས་ནས་གཤེགས་སོ།།       །། ཁྲི་རབས་བདུན་པ་ཞབས་དྲུང་སྤྲུལ་སྐུ་གཉིས་པ་ངག་དབང་སྙན་གྲགས་ནི།ཆབ་མདོ་གཡོ་སྨད་གནས་པོ་ཚང་དུ་ཆུ་བྱ་༡༨༡༣ལོར་འཁྲུངས་ཤིང་རིག་གནས་མདོ་སྔགས་ཀྱི་ཆོས་ལ་སྦྱང་ཞིང་དུས་འཁོར་དང་སྐར་རྩིས་ལ་མཁས་པའི་སྙན་གྲགས་ཆེ།ལྷ་སར་ཕེབས་རྒྱ་བོད་ལྷན་རྒྱས་ནས་ནོ་མིན་ཧན་གྱི་ཆོ་ལོ་གནང་། སྟག་ལུང་ཕེབས་ཏེ་རྗེ་བསྟན་པའི་ཉི་མ་ལས་རབ་བསྙེན་བསྒྲུབ་ཅིང་རང་ལུགས་ཀྱི་ཆོས་རྣམས་གསན།སྐུ་བཙུན་པས་བླ་བྲང་གཉིས་ཀྱང་མཐུན་ལམ་ལེགས་ཤིང་ནང་ཆེན་དང་རི་བོ་ཆེ་པ་དམག་འཁྲུག་སྐབས་རྗེ་དྲུང་གྲགས་པ་རྒྱ་མཚོར་རྒྱབ་སྐྱོར་མཐའ་གཅིག་ཏུ་མཛད།ཤིང་གླང་ ༡༨༦༥ལོར་སྐུ་གཤེགས་སོ།།      །། ཁྲི་རབས་བརྒྱད་པ་ཞབས་དྲུང་སྤྲུལ་སྐུ་གསུམ་པ་ངག་དབང་བློ་བཟང་ཚུལ་ཁྲིམས་ནི།རྡོ་ཤུལ་སྟོད་རུ་གསར་ཚང་དུ་མེ་སྟག་༡༨༦༦ལོར་འཁྲུངས། རྒྱ་བོད་ལྷན་རྒྱས་ནས་གསེར་བུམ་དཀྲུག་འདོན་ལྟར་རྩེ་ཞབས་དྲུང་བླ་བྲང་དུ་གདན་དྲངས་ཤིང་རབ་བསྙེན་བསྒྲུབ་ནས་གཏེར་སྲས་ཚེ་དབང་ནོར་བུ་དང་།མ་རིན་པོ་ཆེ་ཐེག་མཆོག་འཇིགས་མེད་དཔའ་བོ་སོགས་ལས་ཟབ་ཆོས་གསན། རྟ་ཚེ་སོགས་ལས་རིག་གནས་ལ་སྦྱང་།ལྷ་སར་ཕེབས་པར་རྒྱ་བོད་ལྷན་རྒྱས་ནས་ནོ་མིན་ཧན་གྱི་གོ་གནས་གནང་། རི་བོ་ཆེར་ཕེབས་ཤིང་མཆོག་གྱུར་གླིང་པའི་གཏེར་ཆོས་ཟབ་བདུན་ཕུར་པའི་སྒྲུབ་པ་རྩ་འཆམས་དང་བཅས་པ་གཙུག་ལག་ཁང་ནང་དུ་བཙུགས།ནང་ཆེན་སྡོམ་པ་བཟའ་དཔའ་མོ་གསང་ཡུམ་དུ་བཞེས་པ་སྲས་ཤིག་བྱུང་། བླ་བྲང་གཉིས་གྱོད་གཞི་བསྐྱར་འཕར་གྱི་རྒྱ་བོད་ལྷན་རྒྱས་ཀྱི་བཀའ་བཞིན་ཤོ་པ་མདོའི་ཕོག་དཔོན་སར་ཕེབས་པར་ལོ་གཅིག་ལྷག་འགོར་ཡང་བརྡབ་བསིགས་ཆེ་བ་ལས་དོན་གང་ཡང་མ་བྱུང་།རི་བོ་ཆེར་ཕིང་དཱ་རིན་མ་འབྱོར་གོང་རྗེ་དྲུང་བྱམས་པའི་འབྱུང་གནས་དང་ནང་གྲོས་ཀྱིས་རྗེ་ཞབས་གཉིས་ཀའི་བསྟན་དགོན་ལ་རྒྱར་དགོངས་བཞེད་ཀྱི་ཕྱོགས་མཐུན་བྲོས་བྱོལ་མི་བྱེད་རྒྱུའི་དམ་བཅའ་གནང་ཡང་དེ་འཕྲལ་སྤྱི་མཛོད་ཚེ་གྲགས་སོགས་ཀྱིས་ལྷ་སར་ཅིས་ཀྱང་ཕེབས་བསྐུལ་ཞུ་ནན་བྱས་པ་ཟེར་སྲོལ་ཡོད་ཅིང་གང་ལྟར་གཤམ་ཁྱིམ་དུ་ཕེབས་ཚུལ་གྱིས་བྲོས་ཐབས་ངང་ལྷ་སར་ཕེབས།གཞུང་ས་ནས་དགའ་བསུའི་འཕན་པོ་གཉའ་རུ་ཁུག་ཏུ་གཞིས་ཁ་ཞིག་གནང་བར་དེར་བཞུགས། ས་རྟ་༡༩༡༨ལོར་གནས་དེར་སྐུ་གཤེགས་སོ།།        །། ཁྲི་རབས་དགུ་པ་ཞབས་དྲུང་སྤྲུལ་སྐུ་བཞི་པ་འཇམ་དཔལ་འཇིགས་མེད་སྐལ་བཟང་སྙན་གྲགས་ནི།སེ་རྡོར་བོན་དཀར་ཁྱུང་པོའི་རིགས་ཡབ་སྔགས་འཆང་རིག་འཛིན་དང་ཡུམ་སྐྱ་སུ་བཟའ་དགའ་འབལ་གྱི་སྲས་སུ་མེ་སྟག་༡༩༢༦ལོར་སྐུ་འཁྲུངས་ཤིང་ཏཱ་ལའི་བླ་མ་བཅུ་གསུམ་པའི་ཆོག་མཆན་ལྟར་རྩེ་ཞབས་དྲུང་བླ་བྲང་གི་གདན་སར་གདན་དྲངས།ལྷ་སར་ཕེབས་ནས་རྭ་སྒྲེང་སྲིད་སྐྱོང་ལས་རབ་ཏུ་བྱུང་། སྔར་ལམ་རྩེ་ཤོད་མཛད་བཅར་ཐོག་སྔར་ལམ་གྱི་གོ་གནས་བསྩལ།  སྟག་ལུང་དུ་ཕེབས་ཏེ་ཞབས་དྲུང་ཐུབ་བསྟན་ཆོས་ཀྱི་ཉི་མ་ལས་རང་ལུགས་ཟབ་ཆོས་གསན།རི་བོ་ཆེར་ཕེབས་གཏེར་སྲས་སྤྲུལ་སྐུ་སོགས་ལས་ཆོས་གསན། གསང་ཡུབ་བརྟེན། ཆབ་མདོ་བཅིངས་བཀྲོལ་བཏང་རྗེས་ལྕགས་ཡོས་༡༩༥༡ལོར་རི་བོ་ཆེ་རྫོང་མི་དམངས་བཅིངས་བཀྲོལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གཞོན་པ་གནང་།ས་ཕག་༡༩༥༩ལོར་དང་ཐོག་ཆབ་མདོར་ང་ཚོ་མཉམ་དུ་ཕེབས་རྒྱུའི་གྲོས་ཐག་བཅད་ཀྱང་རྗེས་སུ་ཞབས་བླའི་མགྲོན་གཉེར་ངག་དབང་བསྟན་འཛིན་སོགས་ཀྱིས་བཀག་འགོག་བྱས་རྐྱེན་རི་བོ་ཆེའི་ཁྲིམས་ཁང་དུ་ཚུད་ནས་ལྕགས་བྱི་༡༩༦༠ལོར་སྐུ་གཤེགས་སོ།།         །།

Popular posts from this blog