སྒོར་མོ་མ་གཏོགས་ངོ་མི་ཤེས་ན། ད་དུང་དགའ་སྤྲོ་ཡོད་སྲིད་དམ།
ཡིག་སྒྱུར་བ། ལྷ་བྲག་གཉན་སྲས།
གཅིག གོ་ལ་འདིའི་སྟེང་གི་ཕ་མ་མང་ཆེ་བས་བྱིས་པ་ཚོར་མི་ཅི་ལྟ་བུ་ཞིག་བྱ་རྒྱུར་བསླབས་མེད་པར། ཁོ་ཚོས་བུ་ཕྲུག་ཚོར་བཅངས་པའི་རེ་བ་ནི་སྒོར་མོ་ཡོད་རྒྱུ་དེ་རེད། ཁྱིམ་བདག་འདི་དག་གིས་སྒོར་མོ་མ་གཏོགས་ངོ་མི་ཤེས་ལ། མི་ཆོས་ཀུན་སྤྱོད་ཟེར་བའང་ཅི་ཡིན་པ་གཏན་ནས་རྟོགས་ཀྱིན་མེད། མི་ཚེ་ཡི་སྙིང་བོ་དང་རིན་ཐང་སྒོར་མོ་ཡོད་རྒྱུ་དེ་ཡིན། ཁོ་ཚོ་འཇིག་རྟེན་དུ་ཡོང་དོན་ཡང་སྒོར་མོའི་དོན་ཡིན་ལ། མ་འོངས་པ་ནའང་སྒོར་མོའི་དོན་དུ་འཆི་ངེས། འདི་ལྟ་བུའི་མི་ཚེའི་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་འོག་ཁོ་ཚོར་ད་དུང་དགའ་སྤྲོ་ཡོད་སྲིད་དམ།
གཉིས། མི་ཚེ་གཅིག་གི་འཚོ་བ་ནི་འགྲན་རྩོད་དང་འཐབ་རྩོད་ཁྲོད་དུ་དཀའ་ལས་རྐྱང་རྐྱང་གིས་རྫོགས་རྗེས། ཤི་དུས་སུ་ལག་སྟོང་མཆན་སྟོང་ངང་གཅིག་ཀྱང་འཁྱེར་མི་ནུས་པར་མཐའ་མར་བརྣབ་སེམས་ཀྱིས་ཁོ་རང་དམྱལ་བར་ལྷུང་འགྲོ་ལ། ཡི་དྭགས་སུ་གྱུར་འགྲོ། སྤྱོད་ལམ་འདི་རྦད་དེ་ནོར་ཡོད། ཅི་ལྟར་ནོར་ཡོད་ཟེར་ན། གནའ་བོའི་སྐྱེས་བུ་དམ་པ་དང་སྔོན་བྱོན་མཁས་མཛངས་དག་གི་རྣམ་དཔྱོད་དང་ཐབས་ཤེས། ཉམས་མྱོང་དག་ང་ཚོས་མི་རབས་འདི་ཡིས་སྣང་མེད་དུ་དོར། མི་རབས་སྔོན་མ་དང་དེའི་སྔོན་མས་ཀྱང་སྣང་མེད་དུ་དོར་བའི་རྐྱེན་གྱིས་མི་རབས་ནས་མི་རབས་བར་མགོ་རྨོངས་བའི་གནས་ཚུལ་ཧ་ཅང་ཚབ་ཆེན་དུ་སྣང་། དེ་འདྲའི་རྒྱུན་ཆགས་གོམས་གཤིས་བསྒྱུར་རྒྱུ་དེ་ཧ་ཅང་དཀའ།
གསུམ། ད་ལྟའི་མི་དག་ལ་ཁྱོད་ཀྱིས་ཅི་ཞིག་བཤད་ཀྱང་ཡིད་ཆེས་མི་སྲིད། ཁོ་ཚོར་སྒོར་མོ་ཁོ་ནར་ཡིད་ཆེས། དེ་ནི་ད་ལྟའི་སྤྱི་ཚོགས་རེད། ད་ལྟའི་སྤྱི་ཚོགས་ཀྱི་འཁོར་ཕྱོགས་རེད། འཁོར་ཕྱོགས་འདི་ནི་རྩ་མེད་དུ་འགྱུར་བར་ཕྱོགས་འདུག འཛམ་གླིང་དུས་མཇུག་ལ་ཕྱོགས་འདུག ཅི་འདྲའི་འཇིགས་སུ་རུང་བ་ལ་ཨང་།
བཞི། ཉེན་ཁ་འདི་ལས་སྐྱོབ་པའི་ལམ་མཆོག་ནི་གནའ་སྔ་མོའི་དུས་ཀྱི་འཕགས་པ་རྣམ་དཔྱོད་ཅན་དག་གི་མི་ཚེའི་ལྟ་ཚུལ་དང་འཇིག་རྟེན་ལྟ་ཚུལ། རིན་ཐང་ལྟ་ཚུལ་དག་ཕྱིར་བཙལ་ནས་ང་ཚོ་ནོར་ཡོད་པ་དང་གནའ་མི་དག་ནོར་མེད་པ་ཁས་ལེན་བྱ་དགོས། སྐབས་འདིར་ཁྱོད་ཀྱིས་ཅིའི་ཕྱིར་ཞེས་འདྲི་ངེས། གནའ་མི་དག་གི་སེམས་སུ་འདུ་འཛི་མེད་ལ་འདོད་ཆུང་ཆོག་ཤེས་ལྡན། བྱམས་སེམས་ཆེ། གནའ་མི་དག་ལ་གདུང་སེམས་མཉམ་སྐྱེ་ཡི་འདུ་ཤེས་ལྡན་ལ་གཞན་དོན་གྱི་ཆེད་དུ་རང་དོན་ཡང་འདོར་ཐུབ། ད་ལྟའི་མི་དག་ལ་འདི་ལྟ་བའི་བསམ་ཚུལ་མེད། ཤི་ཉེན་ལ་ཐུག་པ་མཐོང་ཡང་སྐྱོབ་ཐབས་མི་བྱེད་པར་དེ་ལས་ཀྱང་ཚབས་ཆེ་ཞིང་ཡ་ང་བ་རང་ཕན་གཞན་གནོད་ཀྱི་སྦྱོར་བ་སྤེལ་མཁན་ཡང་ཡོད། དངོས་གནས་དྲང་གནས་གོ་རྟོགས་སད་མིན་དང་བློ་ཁ་ཕྱིར་འཁོར་མིན་རང་ཉིད་ཀྱི་སྐྱོན་སྤངས་ཏེ། སྔ་འགྱོད་ཕྱི་འདོམས་བྱེད་མིན་ལ་རག་ལས་ཡོད། གལ་ཏེ་དེ་ལྟར་བྱས་ཚེ་དེས་ནི་སྐྱེས་བུ་དམ་པ་དང་བྱང་ཆུབ་སེམས་དཔའ་ལ་སློབ་སྦྱོང་བྱས་པ་ཡིན་པས་ལམ་འདི་རྦད་དེ་ཡང་དག་པ་ཡིན།