ཨ་མའི་བཀའ་དྲིན་དང་བདག་གི་བྱིས་དུས་ཀྱི་མི་ཡུལ་འགྲིམ་པའི་བྱུང་རིམ།


རྩོམ་པ་པོ། གངས་ཆར།
སྐྱབས་གསུམ་ཀུན་གྱི་ཐུགས་རྗེ་དང་ལས་སྨོན་བཟང་བོའི་ནུས་མཐུ་ལ་བསྟེན་ནས་གཏན་སྡོད་མ་ཡིན་པའི་རྣམ་ཤེས་འཁྱམ་པོ་ཞིག་ལྷག་བསམ་དང་བྱམས་བརྩེ་འཕྱུར་གྱིན་པའི་དྲིན་མོ་ཆེའི་བྱང་ཁོག་ཏུ་ཉིང་འཚམས་སྦྱར་ནས་ཟླ་དགུ་ཞག་བཅུར་འཁུར་ཏེ་མི་ཡུལ་ཏུ་བསྐྱེད་དུས། ཁོ་བོ་ནི་ཕ་མའི་དགོད་སྒྲ་དང་གཉེན་ཉེ་ཚོས་རེ་སྒུག་གི་འོད་སྣང་ལས་འཁྲུངས་པའི་མེ་ཏོག་ཅིག་ཡིན། དེ་དུས་ངེད་ཚང་ནི་རྒྱུ་དང་འབྱོར་བ་གང་ཐད་ནས་མི་དམན་པ་ཞིག་ཡིན་པར་མ་ཟད། དགོད་སྒྲ་དང་འཛུམ་མདངས་ཀྱིས་ཁེངས་པའི་གཡང་ཁྱིམ་ཞིག་ཀྱང་ག་ལ་མིན། དེ་ནས་རིམ་བཞིན་ཟླ་བ་དྲུག་གི་རྗེས་སུ་མི་རྟག་སྒྱུ་མའི་ཟློས་གར་ཞིག་ངེད་ཚང་གི་ཁྱིམ་ནང་ནས་འཁྲབ་སོང་། ཨ་མས་བཤད་རྒྱུར། ཁྱེད་ཀྱི་ཨ་ཕས་མོ་ལ་བརྩི་ཟ་དམན་མཐོང་དང་གཉའ་གནོན་བྱས་ཏེ་གནས་ཁྱིམ་ལས་ཕྱིར་རང་ཡུལ་དུ་ལོག་དགོས་པ་རེད་ཅེས་ལབ་འདུག རེད་ཡ། ལས་དབང་གི་འཁོར་བསྐྱོད་ཡིན་ན་ཆོག བཙན་དབང་གི་ཐབས་ཟད་ཡིན་ཀྱང་རུང་། གང་ལྟར་དེ་ནས་བཟུང་ཁོ་བོ་ནི་ཕ་མ་ཡན་གར་དུ་སོང་བའི་བུ་ཆུང་ཞིག་ཏུ་གྱུར་སོང་། དེ་ནས་ཨ་མ་གཅིག་པས་ལོ་ངོ་བདུན་ཙམ་ལ་ངེད་ཚང་གི་ཁྱིམ་ཚང་འདི་བསྐྱངས་པ་མ་ཟད་ངེད་ཚང་འབྲོག་པ་ཡིན་པའི་རྐྱེན་གྱིས་ལྕི་འདམ་དང་བཀའ་སྡུག་གང་མང་གི་ཁྲོད་ནས་ཨ་མ་དཀའ་ལས་ཁག་པོར་ཐུག་པ་ཉུང་ཉུང་མིན་ནའང་ཁོ་བོ་ནི་ལོ་ཆུང་བའི་སྟབས་ཀྱིས་ཁོ་མོར་རོགས་བྱེད་ཐབས་མེད་པར་ཆགས། རྗེས་སུ་ངེད་ཚང་ལ་བུ་ཆུང་འབྲུག་ལོ་བ་ཞིག་མིང་ལ་བཀྲ་ཤིས་དོན་འགྲུབ་ཟེར་བ་ཞིག་སྐྱེས། དེ་དུས་ང་ལོ་བདུན་ལ་བུད་ཙམ་ཡིན་པས་ངས་ཨ་མ་ལ་རོགས་ཅུང་ཙམ་རེ་བྱེད་ཐུབ་ས་རེད། ལོ་བཅུ་གསུམ་གྱི་སྟེང་ལ་རང་གི་འདོད་བློ་དང་ཨ་མའི་རེ་བ་ལྟར་དགོན་ནང་ལ་སོང་བ་ཡིན། ཨ་མའི་ང་ལ་བཤད་རྒྱུར་ཁྱོད་དགོན་ནང་ལ་སོང་དང་ཁྱོད་རང་ཉིད་མ་ཟད། ངེད་ཅག་ཉེ་མི་ཡོངས་ལ་སྐྱིད་ཅིག་ཡོད། སོང་ནའང་ཨ་ཁུ་འཇམ་ཤེས་དང་དགེ་རྒན་གང་ཡིན་ལ་བརྩི་བཀུར་སོགས་ངེས་པར་དུ་བྱེད་དགོས་ཚུལ་སོགས་སློབ་གསོ་མི་ཉུང་བ་ཞིག་བྱས་ཏེ་ང་རང་དགོན་ནང་ལ་ལམ་དུ་ཕུད་སོང་། དེ་དུས་ངའི་ནུ་བོ་ལོ་བདུན་ཡིན། ཨ་མ་དང་མཉམ་ཏུ་འབྲོག་ལས་གཉེར་བཞིན་ཡོད། ལོ་འགས་རྗེས་སུ་ཁོ་ཡང་སློབ་གྲྭར་སོང་བ་རེད། ངའི་ཨ་ཞང་གིས་ཨ་མར་བཤད་རྒྱུར། བཀྲ་དོན་ད་དུང་སློབ་གྲྭར་མ་སོང་ན་ཆོག་འདུག  ཁྱོད་གཅིག་བུར་དཀའ་ལས་མྱོང་བ་མང་འགྲོ་ཞེས་བཤད་འདུག ཨ་མས་ཟེར་རྒྱུར། མི་དགོས། ངས་ཆོག་རེད། ངའི་བུ་གཉིས་ཀ་ང་ལྟ་བུའི་གླེན་པ་རེ་ལོག་སོང་དུས་ངས་ཀྱང་སྡུག་རེད་ཟེར་ཞོར་སློབ་གྲྭར་ངེས་པར་དུ་མངགས་དགོས་ཟེར། སྐད་ཆ་འདི་ངའི་སེམས་ལ་ནན་ཏན་ཞིག་འདུག ད་ནི་མདོར་བསྡུས་ཏེ་བཤད།  སྤྱིར་ཨ་མ་ཚོ་ནི་གཞན་དང་མི་འདྲ་བའི་ལྷན་བསམ་གྱི་བདག་མོ་ཡིན་ནའང་། ངའི་ཨ་མ་ནི་དེ་ལས་འཕགས་པའི་སྟོབས་ལྡན་ཞིག་དང་ཁ་སེམས་དུང་ལྟར་དཀར་བ་ཞིག་ཡིན། ངས་འདི་ལྟར་བཤད་ན་ཁྱེད་ཀྱིས་ཀྱང་བཤད་ཆོག་ཆོག་ཡིན། ངའི་སེམས་ནང་ནས་རང་གི་ཨ་མ་དང་མཚུངས་པ་ཞིག་སུ་ཡང་མི་འདུག ཨ་མ་ལགས། ཁྱེད་ནི་ངའི་འཇིག་རྟེན་འདི་ནས་ཆེས་བརྗེད་པར་དཀའ་བའི་ཨ་མ་ཡིན་ལ་ཆེས་དགའ་སའི་ཨ་མའང་ཡིན།

Popular posts from this blog