རྩོམ་པ་པོ། རྒྱ་འདུ་སངས་རྒྱས།
མིག་སྔར་བོད་ཁུལ་གྱི་སློབ་ཐོན་སློབ་གསོའི་གནས་བབ་དང་སློབ་གསོའི་ལས་བགོས། སློབ་གསོ་རྒྱུད་འཛིན་གྱི་རྣམ་པ་སོགས་གང་ལ་བལྟས་ན་ཡང་དཔལ་ཡོན་ལྡན་པའི་དུས་སྐབས་དང་བསྡུར་ན་ཅུང་ཚབས་ཆེན་རང་བཞིན་དུ་འགྱུར་བཞིན་ཡོད་པར་མ་ཟད། བོད་བྱིངས་ཁྱབ་པའི་སྤྱི་ཚོགས་སློབ་གསོའི་འཕོ་འགྱུར་དང་སློབ་གྲྭའི་སློབ་གསོའི་ཁ་ཕྱོགས། དེ་བས་ཀྱང་ཁྱིམ་ཚང་སློབ་གསོའི་གནས་བབས་ལ་གཞིག་ན་ཧ་ཅང་སེམས་སྐྱོ་བའི་གཏམ་རྒྱུད་རང་བཞིན་ཅན་དུ་གྱུར་ཡོད་དེ། ཁྱིམ་བདག་ཚོས་བུ་ཕྲུག་སློབ་གྲྭར་མངགས་པའི་དམིགས་ཡུལ་ཉག་ཅིག་ནི་སྤྱིའི་ཆ་ནས་མ་འོངས་པར་རྒྱལ་ཁབ་ཀྱི་ལས་བྱེད་པར་འགྱུར་རྒྱུའི་ཆེད་དུ་རེད། ཐོག་མའི་དམིགས་ཡུལ་དེས་བསྐྱེད་པའི་བག་ཆགས་འཇོག་སྟངས་ཀྱིས་བུ་ཕྲུག་གི་རེ་བ་དང་རྨི་ལམ་ནི་ལས་བྱེད་པ་ཞིག་འགྱུར་རྒྱུ་དེ་རེད། རོང་འབྲོག་ཡིག་རྨོངས་པའི་སྡེར་གཏོགས་ཀྱིས་གཞུང་ཞབས་པར་ཡིད་སྨོན་སྐྱེ་ཚུལ་དང་དེར་ཆེ་བཀུར་ཆེ་མཐོང་གི་འདུ་ཤེས་དང་རྣམ་འགྱུར་མོད་པས་མ་འོངས་གངས་ཅན་གྱི་བདག་པོ་སྟེ་བུ་དང་བུ་མོ་དེ་ཚོར་ནམ་ཡང་སྨོན་པ་སྐྱེས་ཡུལ་ནི་གཞུང་ཞབས་ཀྱི་ལས་ཀ་དེ་རེད། གཞུང་ཞབས་དེའི་དོན་དུ་སློབ་ཆེན་འགྲིམས་ཏེ་མཐར་ཕྱིན་རྒྱུ་དང་། མཐར་ཕྱིན་རྒྱུའི་དོན་དུ་སློབ་ཆེན་ལོ་ངོ་བཞིའི་རིང་རྒྱུགས་ཀྱི་ཆེད་དུ་སློབ་གཉེར་དང་རྒྱུགས་སྐར་དོན་དུ་སློབ་སྦྱོང་ལ་འབད་པའི་གནད་དོན་ཞིག་ཆགས་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ་སློབ་ཆེན་ནས་ཐོན་པའི་བོད་ཀྱི་གསར་བུ་གསར་མོ་དེ་ཚོའི་ལག་ཏུ་གཞུང་གི་ཅ་ནེ་རེག་ཚད་ལྡབ་འགྱུར་གྱིས་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། ཇེ་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་ནི་གཞུང་ཞབས་མི་འདོད་པའི་བསམ་ཚུལ་དེ་མིན་པར་གཞུང་ཞབས་ཀྱི་ལས་བགོས་ཇེ་ཉུང་དུ་བཏང་ཡོད་པའི་གནས་ཚུལ་དེ་རེད། ད་དུང་གཞན་ཞིག་ནི་ལྐོག་རྔན་བརྫངས་ཐུབ་མིན་དང་ངོ་སོ་ཆེ་མིན་བར་གྱི་གནད་དོན་ཞིག་ཀྱང་རེད། སློབ་གྲྭར་འགྲོ་ཚད་ལྡབ་འགྱུར་གྱིས་ཇེ་མང་ནས་ཇེ་མང་དང་གཞུང་ཞབས་ཀྱི་ལས་ཀ་རེག་ཚད་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་པའི་བར་ཁྱད་དེར་བསམ་བློ་ཞིག་ཅིས་ཀྱང་གཏོང་རན་ཡོད། གང་དུ་ཇ་ཁང་དང་མགྲོན་ཁང་། ཆང་ཁང་ཡོད་ན་དེར་མཐོ་འབྲིང་ནས་སློབ་ཆེན་དུ་རྒྱུགས་མ་འཕྲོད་པ་དང་། སློབ་ཆེན་ནས་མཐར་ཕྱིན་རྗེས་གཞུང་ཞབས་ཀྱི་ལས་ཀ་མ་རེག་པའི་སློབ་ཆེན་མཐར་ཕྱིན་སློབ་མ་ཏག་ཏག་གིས་འཛིན་གྱིན་འདུག སློབ་ཆེན་པ་ཚོས་ངེས་པར་དུ་གནད་དོན་དེར་ཡང་ཡང་དཔྱད་པ་དང་བློའི་མྱོང་སྟོབས་ཀྱིས་གནད་དོན་དེ་སེལ་ཐུབ་པ་ཡིན་ན་མིག་མདུན་གྱི་དཀའ་ངལ་སེལ་འགྲོ་བར་ཐེ་ཚོམ་མེད་པར་སེམས། སྤྱིར་བཏང་རང་ཁ་རང་གསོའི་ཐད་དུ་ཡོང་ཁུངས་གཙང་བའི་ཟུར་ཁ་གང་ནས་ཕྱིའི་འབྱོར་བར་འབད་ཀྱང་སྐྱོན་ཆེར་མི་འདུག བརྒྱ་ལ་དེ་ལྟ་མ་ཡིན་པར་ལོ་ངོ་བཅུ་དྲུག་གི་རིང་ལ་འབད་འབུངས་གང་ལེགས་ཏེ་རྒྱུད་ལ་བསགས་པའི་ཡོན་ཏན་དེས་ཇ་ཁང་དང་མགྲོན་ཁང་གི་ར་བ་ལས་བརྒལ་མ་ཐུབ་པ་དང་སྤྱོད་མི་ནུས་པ་ན་ཆེས་ཆེར་ཕངས་པའི་གནས་སུ་མི་འགྱུར་གྲང་། ཕྱིའི་རྒྱལ་ཁབ་དག་ལ་སྡུར་ས་ཆེར་མི་འགྲོ་མོད། ཨ་མེ་རི་ཀ་སོགས་མཚོན་ན་སློབ་སྦྱོང་གི་དམིགས་ཡུལ་ནི་གཞུང་ཞབས་པ་དེ་མིན་ལ། གཞུང་ཞབས་གྱུར་བའི་མི་དེ་ལས་རིམ་ཐ་མའི་གྲས་སུ་འཇོག་བཞིན་པའི་གནས་ཚུལ་གསལ་བོར་འདུག དེ་བཞིན་དུ་ང་ཚོ་ཡིན་ན་སློབ་གྲྭར་སོང་བའི་དམིགས་ཡུལ་མི་ནོར་བར་བྱེད་རྒྱུ་དེ་ཐོག་མ་ནས་གལ་ཆེན་རང་བཞིན་དུ་འཛིན་དགོས་པར་མ་ཟད། ལོ་ངོ་བཅུ་དྲུག་གི་ཡུན་ལ་སྦྱངས་ཐོབ་ཀྱི་འབྲས་བུ་དེ་དག་མེ་ཏོག་གི་ས་བོན་བཞིན་གང་སར་འཐོར་བ་ན་ནམ་ཡང་ཁྱོད་ལ་ལེགས་ཚོགས་ཀྱི་འདབ་མ་གང་སར་རྐྱོང་ངེས་པའི་གདེང་ཚོད་ཅི་ལ་མེད། དེ་ལྟ་མ་ཡིན་པར་གོང་ལྟར་བརྗོད་པ་བཞིན་གཞུང་ཞབས་ཁོ་ནའི་ཆེད་སློབ་ཆེན་མཐར་ཕྱིན་གྱི་དམིགས་ཡུལ་དང་དཔང་རྟགས་གཉོར་བ་ལས་སློབ་སྦྱོང་དེས་ལམ་གང་དུ་བསྐྱོད་ཐུབ་པའི་ནུས་པ་བསྔོག་འདོན་དང་རང་གིས་རང་ལ་སྐུལ་ལྕག་ཚ་ནན་གཏོང་བ། ཡང་ན་ཚན་རྩལ་དང་འབྲེལ་བའི་ལག་རྩལ་སྣ་མང་ཅན་གྱི་ལས་ཀར་གཞུག་ཏེ་ཅིས་ཀྱང་རང་ལམ་མ་ནོར་བ་དང་རང་ལམ་རང་གིས་བསྐྲུན་ཐུབ་པའི་དམ་བཅའ་དང་གྲ་སྒྲིག་སྔ་ས་ནས་བྱེད་པར་གལ་ཆེ། ནམ་རྒྱུན་དོན་དག་དང་སེམས་ཚེགས་འདི་འདྲར་དམིགས་མཁན་སྐོར་ཞིག་ཡོད་དེ། མཐོ་འབྲིང་ནས་སློབ་ཆེན་འགྲོ་ཐུབ་མིན་གྱི་སེམས་ཚེགས། སློབ་ཆེན་ནས་མཐར་ཕྱིན་དཔྱད་རྩོམ་གྱི་སེམས་ཚེགས། མཐར་ཕྱིན་རྗེས་ལས་བྱེད་པར་རྒྱུགས་འཕྲོད་མིན་དང་རྒྱུགས་སྤྲོད་ས་ཡོད་མེད་ཀྱི་སེམས་ཚེགས་སོགས་སེམས་ཚེགས་ལྷག་མ་དེ་དག་གིས་སྔར་གྱི་སྤོབས་དང་རེ་བ་མང་བ་ཞིག་འཇོམས་ཀྱིན་འདུག་པ་ནི་བཤད་མ་དགོས། ད་གཟོད་མ་འོངས་སློབ་ཆེན་པ་ཚོས་སློབ་དེབ་གཅིག་པུས་ཆོག་ཤེས་མི་བསྟེན་པར་ཐོས་པ་མང་དུ་བསགས་པ། མཐོང་རྒྱ་དང་བསམ་བློ་རྒྱ་བསྐྱེད་ཐུབ་པའི་ཕྱོགས་སུ་གོམ་པ་སྤོ་ནུས་པ་ན་མཐར་ཕྱིན་རྗེས་ལས་བྱེད་པར་མ་འགྱུར་ན་རེ་ཐག་ཆད་དགོས་དོན་དང་། ཇ་ཁང་དང་མགྲོན་ཁང་ །ཆང་ཁང་མ་གཏོགས་འགྲོ་ས་མི་རྙེད་པའི་ཚོད་དུ་ལྷུང་དགོས་དོན་གཏན་ནས་མེད་པར་སེམས་སོ།། སློབ་ཆེན་ནས་མཐར་ཕྱིན་པ་ནི་སྟབས་ལེགས་ཀྱིས་འགྲིག་པ་ཡིན་ཆོག སློབ་སྦྱོང་གི་འབྲས་བུ་ཟེར་ན་རུང་། གང་ལྟར་སློབ་ཆེན་ནས་མཐར་ཕྱིན་པའི་སློབ་མ་དེ་ཚོར་སོ་སོའི་ཁྱིམ་བདག་དང་ནང་མི་དེ་ཚོས་སྔར་བས་སེམས་ཤུགས་དང་སེམས་གསོ་སྤྲོད་དགོས་པ་ལས་བུ་དང་བུ་མོ་ཚོས་ལས་བྱེད་པར་རྒྱུགས་མ་འཕྲོད་པ་ཡིན་ན་དེར་སྡང་སེམས་དང་ངན་སྨྲས། ཁྱད་གསོད་དང་ལེ་བདའ། ཡང་ན་སློབ་གྲྭར་མངགས་པ་ནི་ད་ནི་སྡུག་གྱོང་དང་འཕྲོ་བརླག་ཡིན་ཚུལ་ཅིས་ཀྱང་ལབ་མི་རིགས་ཏེ། བུ་དང་བུ་མོའི་རྒྱུད་ལ་ཡོད་པའི་རིག་གནས་དེ་དག་ནི་ད་ལྟར་ཡོད་ལ། མ་འོངས་པར་ཡོད། ཚེ་འདིར་ཡོད་ལ་ཕྱི་མ་ཡང་ཡོད་པའི་རིག་གནས་ཤིག་ཡིན། དེ་དག་གི་རྒྱུད་ལ་འབྱོར་བའི་རིག་གནས་ནི་ཕྱིའི་གསེར་སྲང་དང་དངུལ་གྱིས་ཉོ་མི་ཐུབ་པའི་རིན་པོ་ཆེ་བླ་ན་མེད་པ་ཞིག་ཡིན་པར་ཅིས་ཀྱང་ཁྱིམ་བདག་དང་དེའི་ཉེ་འཁོར་ཚོས་ཐུགས་སུ་འདེགས་རོགས་ཞེས་ཞོར་གྱིས་ཞུས་པ་ཡིན།
