ང་ཚོས་རིག་གནས་སྦྱང་དགོས་པའི་གནད་དོན་དེ་གང་ལ་ཐུག་ཡོད་ཤེས་དགོས།

རྩོམ་པ་པོ། མེས་པོའི་ཟུངས་ཁྲག

དེང་སང་ཚང་མས་རིག་གནས་ཟེར་བ་ངེས་པར་དུ་སྦྱང་དགོས་པའི་ཤེས་བྱ་གལ་ཆེན་ཞིག་དུ་སྣང་གིན་ཡོད་པ་ནི་དངོས་གནས་ཧ་ཅང་གི་དཔེ་ཡག་པོ་རེད། འོན་ཀྱང་ང་ཚོས་རིག་གནས་སློབ་སྦྱོང་བྱེད་པ་དེས་གང་ལ་ཕན་ཐོག་དགོས་པ་དང་གང་ཞིག་དོར་དགོས་ཀྱིན་ཡོད་པ་དེ་ཧ་གོ་དགོས། སྤྱིར་བཏང་ང་ཚོས་བྱ་བ་གང་ཞིག་སྒྲུབ་ཀྱང་ཡོད་ཚད་བདེ་སྐྱིད་ཀྱི་ཆེད་དུ་ཡིན་པ་ནི་སྨོས་མ་དགོས་པ་ཞིག་རེད་ཨང་། རིག་གནས་ནི་བདེ་སྐྱིད་འཚོལ་བྱེད་ཀྱི་ཐབས་མཆོག་ངོ་མ་ཞིག་ཡིན་ལ། འོན་ཀྱང་ང་ཚོས་དེ་སྦྱང་བའི་གནས་སྐབས་སུ་གཞན་ཞིག་ཕམ་དུ་འཇུག་པ་དང་རང་ཉིད་ལ་སུའི་ཀྱང་འགྲན་མི་ཕོད་པའི་མི་ཞིག་དུ་འགྱུར་རྒྱུའི་རེ་བ་ཞིག་བཅངས་ནས་བསླབ་པ་ཡིན་ན་རིག་གནས་ཅི་ཙམ་ཤེས་རུང་ཁྱོད་ནམ་ཡང་བདེ་སྐྱིད་ལྡན་པའི་མི་ཞིག་དུ་འགྱུར་མི་ནུས་སོ།། རྒྱུ་མཚན་ཁྱོད་ཅི་འདྲའི་ཤེས་སྟོབས་ཅན་ཞིག་ཡིན་ཀྱང་ཡོད་ཚད་ཁྱོད་ལས་ཕམ་འགྲོ་བ་ནི་དཔེ་མི་སྲིད་དོ།། གལ་ཏེ་དེ་དག་ཕམ་མ་ནུས་ན་ཁྱོའི་བློ་སེམས་བདེ་རུ་བབས་མི་ནུས་སོ།། སྐབས་དེར་ཁྱོད་ཀྱི་རིག་གནས་དེས་ཁྱོད་ལ་སྡུག་བསྔལ་ཞིག་བསྐྲུན་སོང་བ་ཡིན་པས་དེ་ལ་དགེ་མཚན་ཅི་ཡང་མེད་དོ།། ཁྱོས་རིག་གནས་ལ་བསླབ་དུས་ང་རྒྱལ་དང་ཕྲག་དོག་མེད་པ་ཞིག་གི་སྒོ་ནས་སྦྱང་བ་བྱེད་དགོས། ཁྱོའི་རིག་གནས་དེས་ཁྱེད་རང་ཉིད་ལ་འཚོ་བའི་ཁ་ཕྱོགས་དེ་ཡག་པོ་ཞིག་བསྟན་ཤེས་པ། མི་གཤིས་བཟང་པོར་བསྒྱུར་ནུས་པ། ད་དུང་ཁྱིམ་མི་དང་གཉེན་ཉེ་ལ་ཤ་ཚ་ཡོད་པའི་མི་ཞིག་དུ་བསྒྱུར་དགོས། དེ་བསྒྱུར་ནུས་ན་ཁྱོད་རང་གི་འཚོ་བ་ལ་བདེ་སྐྱིད་ཆེན་པོ་ཞིག་བརྩལ་ཡོད་པ་རེད། སྐབས་དེར་ཁྱོད་ཀྱི་སློབ་སྦྱོང་བྱས་པ་དེས་གྲུབ་འབྲས་ཡག་པོ་ཞིག་སྙེད་སོང་པ་རེད། སྤྱིར་བཏང་གི་རིག་གནས་ལ་སྦྱང་བ་ཅི་ཙམ་བྱས་ན་དེ་ལས་ཐོབ་པའི་འབྲས་བུ་ཞིག་ཡོད་ངེས་ཡིན་ཀྱང་དེ་མཐར་ཕྱིན་རྒྱུ་ཡོད་མ་རེད། དེས་ནང་ནས་སྦྱང་པ་པོ་རང་ཉིད་ཀྱིས་ལེགས་ཉེས་ཀྱི་དབྱེ་བ་གསལ་བོར་འབྱེད་ཤེས་དགོས། དཔེར་ན་རུས་སྦལ་གྱིས་ཆུ་དང་འོ་མ་གཉིས་མཉམ་དུ་བླུགས་ཡོད་པའི་ནང་འོ་མ་ཁ་ཁར་འབྱེད་ནས་འཐུང་ནུས་པ་བཞིན་བྱེད་དགོས། རང་ཉིད་ལ་མཁོ་གལ་ཆེ་བ་དེ་སྦྱང་དགོས། དེ་མ་གཏོགས་ཡོད་ཚད་སྦྱང་ནས་ཚར་མི་སྲིད་པའི་གཞན་དག་སྐྱུར་འོས་སོ།
མ་ཡིག་གི་ཁ་བྱང་། ང་ཚོས་ངེས་པར་དུ་རིག་གནས་སྦྱང་དགོས་པའི་གནད་དོན་དེ་གང་ལ་ཐུག་ཡོད་ཤེས་དགོས། རྩོམ་སྒྲིག་པས།

Popular posts from this blog