སྨྱོན་མེ་འབར། བསིལ་ལྗོངས་ཁ་བའི་ལྟེ་བར་འཁྱིལ་བའི་རུ་བཞིའི་ཡ་གྱལ་དབུ་རུའི་རྒྱུད།། རྒྱལ་བས་ལུང་བསྟན་ཤིང་ཀུན་གྲོང་ཞེས་དཔའ་བོ་སྟག་གི་ལུང་པ་དང་།། ངེས་དོན་འདུས་པའི་གླིང་ཞེས་གྲགས་པའི་སྟག་ལུང་པ་ཡི་ཆོས་སྡེ་སོགས།། ངོ་མཚར་ཁྱད་འཕགས་གནས་མཆོག་འདི་འདྲ་འཛམ་བུའི་གསེར་བཞིན་རེ་འགའ་ཙམ།། ཕྱོགས་བཞིའི་རི་བོ་མཐོ་ལ་བརྗིད་པའི་རིན་ཆེན་ནོར་བུའི་གཏེར་ཁ་དང་།། རྩྭ་དང་རྩི་ཤིང་མ་ལུས་རྒྱས་ཤིང་མེ་ཏོག་སྣ་ཚོགས་རབ་ཏུ་བཞད།། དེ་ལ་གནས་པའི་རི་དྭགས་དག་ཀྱང་རྩེད་འཇོར་རོལ་བཞིན་ཅི་དགར་འཚོ།། ཡིད་ཀྱིས་བྲིས་འདྲའི་ཡུལ་གྱི་བཀོད་པས་སྐྱེ་བོའི་རྣམས་ཀྱི་བརྟན་པ་འཕྲོག ། མོས་གུས་དྭངས་མས་མཆོད་ཡོན་ཕུལ་འདྲའི་སྤྲག་ཆུ་སྔོན་མོའི་རྦ་རླབས་དང་།། རེག་པ་ཙམ་གྱི་ཏིང་འཛིན་འཕེལ་བའི་ཕུ་ཆུ་འོ་མའི་བཞུར་སྒྲ་སོགས།། འདྲ་མིན་ཆུ་མིག་གང་སར་ཁྱབ་པའི་གནས་བཟང་འདི་ཀོའི་མཛེས་པ་ནི།། མཐོང་བ་ཙམ་དུ་ཡིད་སེམས་མགུ་བཞིན་དགའ་བའི་འཛུམ་མདངས་འཆོར་ཉེན་ཡོད།། ཆར་སྤྲིན་འཁྲིགས་འདྲའི་ནགས་ཚལ་སྟུག་པོས་གནས་རི་ཕལ་ཆེར་ཁེབས་པ་དང་།། ཚང་སྲས་ལྷ་མོས་རྒྱུད་མང་དཀྲོལ་འདྲའི་ངག་སྙན་སྦྱིན་པའི་བྱ་བྱེའུ་ཁྱུ།། བདེ་དགར་རོལ་བའི་རིན་ཆེན་གནས་མཆོག་ཤིང་ཀུན་གྲོང་ཞེས་གྲགས་པ་འདི།། འཆི་མེད་གྲོང་ཁྱེར...